གཡུ་ཐོག་གསར་མ་ཡོན་ཏནགོན་པོ་ནི། རབ་བྱུང་གཉིས་པའི་མེ་རྟ(སྤྱི་ལོ1126)ལོར་གཙང་མྱང་སྟོད་སྒོ་བཞི་རེ་ཐང་སྟེ། དེང་གི་གཞིས་རྩེ་ས་ཁུལ་རྒྱལ་རྩེ་རྫོང་མྱང་སྟོད་ཤང་སྒོ་བཞི་རེ་ཐང་ཞེས་པའི་གྲོང་དུ་འཁྲུངས། ཁོང་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་སྙན་པའི་གྲགས་པ་ས་སྟེང་ཡོངས་སུ་ཁྱབ་པའི་སྨན་བླ་གཉིས་པ་དེ་ཡིན།
སྐྱེས་མཆོག་དེ་ཆུང་ངུའི་སྐབས་ནས་བྱིས་པ་ཚོགས་པའི་དབུས་སུ་རྩ་ཆུའི་བརྟག་པ་དང་། ས་རྡོ་སྔོ་སོགས་ལ་སྨན་གྱི་ངོས་འཛིན་གྱི་ཚུལ་མཛད་པ་སོགས་སྨན་དཔྱད་ཐད་ལ་བག་ཆགས་ལྷན་སྐྱེས་སུ་ཡོད་ཅི་ང། དགུང་ལོ་བརྒྱད་ནས་རིག་གནས་སྤྱི་དང་། ཁྱད་པར་གསོ་རིག་གཞུང་ལུགས་ལ་གསན་བསམ་གནང་སྟེ་སྨན་དཔྱད་ཀྱི་འགྲོ་དོན་བསྐྱངས། དེ་ནས་དགུང་ལོ་བཅུ་བཞི་ཙམ་ལ་རོག་སྟོན་དཀོན་མཆོག་སྐྱབས་ཞུ་བ་དེ་དབུས་སུ་གྲྭ་བསྐོར་ལ་བྱིན་པའི་ལམ་བར་དུ་ཞབས་འབམ་གྱི་སྙུང་ལས་གྲོལ་ཞིང་
དགའ་བཞིན་དུ་དབུས་སུ་བྱོན། ལོ་གཉིས་ཙམ་བཞུགས་པས་རོག་སྟོན་ལ་ཡང་བསྐྱར་ནད་ཤིན་ཏུ་ཐུ་བ་ཞིག་ཐེབས་ནས་སྨན་པ་འགའ་ལ་གཏུགས་ཀྱང་དྲག་སྐྱེད་ཅི་ཡང་མ་བྱུང་བར། དབུས་པ་དར་གྲགས་ཀྱི་དྲུང་དུ་བཅར་ཏེ་སྨན་བཅོས་བགྱིས་པས་ནད་ལས་གྲོལ། དེ་ལ་བརྟེན་ནས་དབུས་པ་དར་གྲགས་ལ་རོག་སྟོན་གྱིས་གཡུ་དྲུག་དམར་ནམ་མཁའ་གསལ་བ་ནས་ཁལ་སྟོང་རི་བ་ཞིག་ཡོད་པ་དེ་ཕུལ་ཏེ་གསོ་དཔྱད་ཀྱི་སློབ་དཔོན་ཞུས་ནས་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ་ཆིག་བརྒྱུད་དུ་ཞུས་ནས་འགྲོ་བ་ནད་པའི་དོན་མཛད་པར་གྲགས། དེ་ནས་རོག་སྟོན་ཕྱིར་བྱོན་དུས་ལམ་བར་དུ་གཡུ་ཐོག་པའི་དྲིན་གསོ་བ་དང་། རྒྱུད་འདི་ཕུལ་ན་མ་འོངས་པར་འགྲོ་ཕན་རྒྱ་ཆེར་ཡོང་བར་དགོངས་ནས་རྒྱུད་ཀྱི་མན་ངག་གཞུང་འགྲེལ་དང་བཅས་པ་ཡོངས་སུ་རྫོགས་པ་རྗེ་གཡུ་ཐོག་པར་བསྩལ་བས་གཡུ་ཐོག་པ་ཤིན་ཏུ་མཉེས་པའི་ངང་རོག་སྟོན་ལ་འབུལ་བ་གྱ་ནོམ་པ་ཕུལ་ཞིང་། རེ་ཞིག་ཆིག་བརྒྱུད་ཀྱི་བཀའ་རྒྱ་མ་བཀྲོལ་བར་རྗེ་ཉིད་ཀྱིས་ཟབ་བཞེས་སུ་མཛད།
གཡུ་ཐོག་པ་དགུང་ལོ་བཅོ་བརྒྱད་ལ་རྒྱ་གར་དུ་ཕེབས་པས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་དང་མཇལ་ནས་སྨན་དཔྱད་མང་པོ་གནང་། ལྷ་མོ་བདུད་རྩི་མ་དང་མཇལ་ནས་སྨན་དཔྱད་ཞུས་ལན་སྐོར་གུསམ་སོགས་དང་། བེ་དྷའི་གླིང་དུ་མཆོག་མཐུན་གྱི་དངོས་གྲུབ་དུ་མ་བསྩལ་ནས་འཇིགས་པ་བརྒྱད་སོགས་ལམ་གྱི་བར་ཆད་བསལ། དགུང་ལོ་ཉེར་གཅིག་ལ་བོད་དུ་ཕེབས། དགུང་ལོ་གསུམ་ལ་སླར་ཡང་མཁའ་འགྲོའི་ལུང་བསྟན་ལྟར་རྒྱ་གར་དུ་བྱོན་པས་དྲང་སྲོང་ཙ་ར་ཀ་སོགས་པཎ་གྲུབ་དུ་མ་དང་མཇལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔལ་ལྡན་ཕྲེང་བས་རྗེས་སུ་བཟུང་ནས་ཡན་ལག་བརྒྱད་པ་སོགས་སྨན་དཔྱད་དང། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པའི་གསང་ལམ་གྱི་གདམས་པ་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་ལུང་བསྟན་དང་བཅས་གནང་ནས་སླར་བོད་དུ་ཕེབས། སྔ་ཕྱིར་རྒྱ་གར་དུ་ལན་དྲུག་བྱོན་ནས་མ་ཧཱ་ར་ཛའི་མཆོད་གནས་ཀྱང་མཛད། ཉིད་ཀྱི་གསུང་ལས་ཀྱང“རྒྱལ་བའི་བཀའ་མཆོག་ཡན་ལག་བརྒྱད་པ་དང་། ཀླུ་སྒྲུབ་གཞུང་དང་ཟླ་ཟེར་དཀར་ནག་དང་། དྲང་སྲོང་ལུགས་དང་ཕ་ཁོལ་གཞུང་རྣམས་དང་། རྒྱ་གར་རྒྱ་ནག་མཁས་པའི་གཞུང་རྣམས་དང་། བོད་དང་ལི་ཡུལ་སྨན་པའི་ཉམས་མྱོང་དང་། མཁའ་འགྲོའི་ལུང་དང་བུ་སློབ་བསོད་ནམས་ཀྱིས། རྒྱ་ཆེའི་གཞུང་དང་བླ་མ་མང་བསྟེན་ནས། སྐྱེ་བ་སྔོན་དུ་རང་རྒྱུད་སྦྱངས་པ་ལས། ད་ལྟ་གཡུ་ཐོག་རིག་པ་ཁོང་ན་ཤར”ཞེས་གསུངས། མཁས་མཆོག་དེ་ཉིད་ཀྱིས་ཕྱི་རབས་ནད་པ་རྣམས་དང་བུ་སློབ་ཀྱི་དོན་དུ། “ཐུགས་ཀ་ཆོས་ཀྱི་འཁོར་ལོ་ལས། གསོ་དཔྱད་རིན་ཆེན་གཏེར་ཕྱུངས་ཏེ། ཕྱི་རབས་རྗེས་འཇུག་གསོ་བའི་ཕྱིར།”ཞེས་གསུངས་ཏེ་སྨན་གཞུང་མང་པོ་ལྗགས་རྩོམ་གནང་བ་སྟེ《བརྒྱད་པ་ཆེ་ཆུང་གི་སྙིང་པོ་བསྡུས་པ》དང་། 《དཔའ་བོའི་སྙིང་པོ་བསྡུས་པའི་མདོ་གནས་ཀྱི་འགྲེལ་པ་མཐོང་བའི་མེ་ལོང》། 《རྩ་དཔྱད་རིག་པ་རང་གསལ་སྡེ་ཚན་ལྔ་པ》། 《ལག་ལེན་པོད་ཆུང》། 《མན་ངག་ཤོག་དྲིལ་སྐོར་གསུམ》། 《ཉམས་ཡིག་བུ་དོན་མ》ལ་སོགས་མན་ངག་ཁྱད་པར་ཅན་མང་པོ་དང་། ཁྱད་པར་གཏེར་ནས་བཏོན་པའི《དཔལ་ལྡན་རྒྱུད་བཞི》འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་ཕྱི་རབས་ཀྱི་དོན་དུ་བཀའ་རྒྱ་བཀྲོལ་ཏེ་གངས་ཅན་གྱི་ལྗོངས་སུ་ལུས་ཅན་ཀུན་གྱི་སྤྱི་ནོར་དུ་སྤེལ། གཡུ་ཐོག་པར་རྒྱུད་ཀྱི་བཀའ་གཏེར་བཤད་སྲོལ་ཐམས་ཅད་ཀྱི་གཞུང་ལག་ལེན་དང་བཅས་པའི་གདམས་ངག་ཡོངས་རྫོགས་ཀྱི་བཀའ་བབ། རྒྱུད་བཞི་མ་ཕྱི་དེའི་སྟེང་དུ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་རྩ་འགྲེལ་དང་། དེ་མིན་སྔར་ཡོད་བོད་ཀྱི་སྨན་གཞུང་ལག་ལེན་དང་བཅས་པས་ཁ་སྐོང་། གཡུ་ཐོག་རྙིང་མ་ནས་བཟུང་མི་རབས་བཅུ་གསུམ་བར་དུ་བརྒྱུད་པའི་ལག་ལེན་མན་ངག་གིས་ཟུར་བརྒྱན། བདེ་གཤེགས་སྨན་གྱི་བླ་མས་དངོས་སུ་ཞལ་གཟིགས་ལུང་བསྟན་དབུགས་དབྱུང་བྱིན་གྱིས་བརླབས་ཏེ་སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དང་། ཡིད་ལས་སྐྱེས་ཀྱིས་ཞུ་བ་དང་། ཞུ་ལན་གྱི་ཚུལ་དུ་རྒྱུད་བཞི་ཡོངས་རྫོགས་གསུངས་པའི་དག་པའི་གཟིགས་པ་ཉིད་གཞིར་བཞག་སྟེ། བཀའ་དངོས་དང་ཁྱད་མེད་པའི《བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད》ཅེས་པ་གསོ་དཔྱད་ཀུན་གྱི་རྒྱལ་པོ་འདི་ཉིད་ཀྱིས་རྩོམ་སྒྲིག་གནང་། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་རྒྱུད་བཞི་ལ་བུའི་དོན་དུ་གསེར་མཆན་དང་། སློབ་མའི་དོན་དུ་ཟངས་མཆན་གཉིས་བཏབ། རྒྱུད་བཞི་རྩ་བ་མ་ཚང་བ་རྣམས་གོང་དུ་བརྗོད་པའི་སྨན་དཔྱད་ཟླ་བའི་རྒྱལ་པོ་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། འགྲེལ་པ་ཟླ་ཟེར་སོགས་ཀྱི་ཉིང་ཁུ་དང་། བོད་ཀྱི་ཡུལ་དུས་དང་འཚམས་པར་རྩ་རྒྱུད་དུ་རྒྱུད་ལེའི་གྲངས་དང་། བཤད་རྒྱུད་དུ་ཇ་དང་སྨན་ཟས་ལེའུ་སོགས་སུ་ཐོར་བུའི་བསྣན་ཁ་བཅོས། ཕྱི་རྒྱུད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོའི་དགོངས་པ་རྩ་ཆུའི་བརྟག་པ་དང་། མ་བུ་དགྲ་གྲོགས། ཇ་དཀར་ཡོལ་སོགས་པ་མན་རྒྱུད་དུའང་དོན་གོང་མཚུངས་ཀྱི་བསྣན་ཁ་མང་པོ་མཛད། རྒྱུད་ཀྱི་གཞུང་འགྲེལ་མན་ངག་ལ་ཁ་སྐོང་དང་བཅས་པའི་གོ་ཆོད་དུ་ཆ་ལག་བཅོ་བརྒྱད་ལེགས་པར་བསྒྲིགས་ནས་སྐལ་ལྡན་གྱི་ཐུགས་སྲས་དམ་པ་སུམ་སྟོན་ཡེ་ཤེས་གཟུངས་ལ་བུམ་པ་གང་བྱོའི་ཚུལ་དུ་བསྩལ། ཁྱད་པར་དུ་གཙང་གི་ཚོང་འདུས་འགུར་མོར་བཙད་པོ་ཇོ་དར་ཡབ་སྲས་ཀྱིས་གདན་དྲངས་པའི་དུས་སུ་སྒྲའི་བཤད་པ་དང་དབུ་མ་རྩ་བ་ཤེས་རབ་ལ་ཊཱི་ཀྐ་ཐུགས་རྩོམ་མཛད། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཁྲིད་བསྐྱངས་པ་སོགས་ཟླ་བ་གཅིག་ཏུ་མཛད་ནས་ཚར་བའི་དགའ་སྟོན་བཙད་པོའི་འབུལ་ཆེན་གྱི་ཉིན་གཅིག་དེ་ལ་སྨན་ལྷ་གསང་སྒྲུབ་ཀྱི་དབང་དང་། ཆོས་སྐྱོང་གི་རྗེས་གནང་སོགས་དང་། གཞན་ཡང་ཞོ་ཁྲི་དང་། དགྱེས་རྡོར། ཕུར་པ་སོགས་ཀྱི་དབང་བླ་མ་གཞན་གྱིས་ཟླ་བ་གཅིག་ལ་མི་ཟིན་པ་མང་པོ་ཚར་བར་མཛད་ཅིང་། དེའི་དུས་སུ་སྐུ་ལུས་ཀྱི་བཀོད་པ་མི་འདྲ་བ་དུ་མ་བསྟན་ཏེ། རྒྱ་གར་གྱི་ཛོ་ཀི་དང་། པཎྚི་ཏའི་ཆ་བྱད་ཅན་དང་། རྣལ་འབྱོར་པ་རལ་པའི་ཅོད་པཎ་ཅན། གཡུ་བ་ནེ་ཙོ་ཤིན་ཏུ་མཛེས་པ་ཞིག་གིས་གསོ་དཔྱད་འཆད་པ་སོགས་ངོ་མཚར་ཅན་གྱི་རྫུ་འཕྲུལ་དུ་མ་སྟོན་པར་མཛད་པས་ནམ་མཁའ་ནས་འཇའ་ཚོན་གྱི་དྲ་བ་དང་མེ་ཏོག་ཁ་དོག་སྣ་ལྔ་པའི་ཆར་འདབ་མ་བཅུ་དྲུག་པ་བཟུང་བཏུབ་པ་འབབ་པ་དང་། ཁྱད་པར་བཙད་པོའི་གཞིས་ཀའི་ལྕགས་རིའི་ནང་ཚུན་དུ་ཨ་རུ་ར་གསེར་མདོག་རློན་པའི་ཆར་ཆུ་ཚོད་གཅིག་གི་ཡུན་དུ་བབས་པ་སོགས་ངོ་མཚར་ཅན་གྱི་ལྟས་མང་དུ་བྱུང་། གནམ་ལོ་རྒྱལ་པོ་རྟའི་ལོ་སྤྲེའུ་ཟླ་བའི་ཚེས་བཅུ་ལ་གཡུ་ཐོག་སྙིང་ཏིག་གི་ཆོས་བཀའི་གསང་བའི་བཀའ་རྣམས་གནང་། དེ་ནས་རིམ་གྱིས་གདམས་པ་རྣམས་ལྷག་མ་མ་ལུས་པར་ཉམས་ཁྲིད་དུ་རྫོགས་པར་གནང་བ་ལ་བརྟེན་ནས་ཉམས་མྱོང་ཕུལ་དུ་བྱུང་བ་སྐྱེས་པ་ནས་བཟུང་སྟེ། དེ་ནས་ཁོ་བོ་ཛྙཱ་ན་དྷ་རི་ཡང་བཙན་པ་ཟིན་ནོ། ཞེས་འབྱུང་ཞིང་གཞན་ཡང་གཡུ་ཐོག་པ་ཉིད་ཀྱི་གསུང་ལས། “བསྒྲུབས་པ་དང་། འགྲུབ་པ་དུས་མཉམ་གྱི་བྱིན་རླབས་མེད་ན་སྙིགས་མའི་སྐྱེ་བོ་འདོད་ཐག་ཉེ་ཞིང་སྙིང་རུས་ཆུང་བས་ཉམས་ལེན་ཡུན་བསྲིང་མི་ནུས་ཤིང་། ཁོ་བོའི་སྲོག་སྒྲུབ་འདི་ཉིད་གང་ཟག་དད་ཅན་གྱིས་མ་ཡེངས་ཞག་བདུན་བསྒྲུབས་ན། རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ། བདག་གི་ཞལ་ལེགས་པར་བསྟན་ནས། གདམས་པ་དང་རྗེས་སུ་བསྟན་པར་བགྱི་བ་དམ་བཅའ་ཡིན་མོད”ཅེས་གསུངས་སོ། དེ་ལྟ་བུའི་གཡུ་ཐོག་སྙིང་ཏིག་གི་གདམས་པ་འདི་ནི་འཕྲིན་སྒྲུབ་ཕྱག་ལེན་ཐམས་ཅད་གསང་ཆེན་རྙིང་མ་ཕྱི་དང་འདྲ་བ་ལ་གེགས་སེལ་བོགས་འདོན་སོགས་མན་ངག་དུ་མས་ཁྱད་པར་འཕགས་པ་འདི་ཉིད་དེང་སང་གྲུབ་མཐའ་རིས་སུ་མ་ཆད་པ་ཀུན་གྱི་སྤྱི་ནོར་ལྟ་བུར་གྱུར་པས་འདི་ཡང་རིང་བརྒྱུད་མཁའ་འགྲོ་དཔལ་ལྡན་ཕྲེང་བ་མས་བསྩལ་བར་བཞེད་ཀྱང་། དོན་ལ་གཡུ་ཐོག་མགོན་པོ་ཉིད་ཀྱི་ཐུགས་གཏེར་ཡིན་པའི་གུ་བཀྲའི་ཆོས་འབྱུང་ལས་གསུངས་སོ།
རྗེ་འདི་ལ་བུ་སློབ་ནམ་མཁའི་སྐར་ཚོགས་བཞིན་བགྲངས་བར་མི་དཔྱོད་པ་བྱུང་བའི་གཙོ་བོ་སྣོད་ལྡན་སྐལ་བཟང་གི་སློབ་བུ་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་དབུ་མཛད་པའི་ལྗང་སྨན་ལེབ་སེ་དང་། འབལ་སྨན་ཉི་མ། སྟོན་པ་ཨ་ཚེས། ཤག་རམ་ཉི་མ་དཔལ། གཡུ་ཐོག་བསོད་ནམས་སེང་གེ། དགེ་བཤེས་རོག་ཆུང་སོགས་མཁས་པ་མིང་དང་དོན་མཐུན་པ་སུམ་བརྒྱར་ཉེ་བ་བྱུང་། དགུང་ལོ་དོན་དྲུག་སྟེ་རབ་བྱུང་གསུམ་པའི་ལྕགས་བྱ(སྤྱི་ལོ1201)ལོར་གཟུགས་སྐུའི་བཀོད་པ་བསྡུས་སོ། །