འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན།

        2010-12-10

འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ནི་བོད་རབ་བྱུང་བཞི་པའི་ཤིང་ལུག་ལོ་སྟེ་སྤྱི་ལོ་༡༢༤ལོར་གཙང་སྐྱའི་ཡུལ་དུ་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་ཡུམ་མ་གཅིག་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།དགུང་ལོ་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་རིག་པའི་གནས་ལྔ་ལ་དཀའ་ཚེགས་ཆེན་པོ་མ་དགོས་པར་ཡང་དག་མཁྱེན། དགུང་ལོ་བཅུ་པ་ཤིང་འབྲུག་ལོ་སྟེ་སྤྱི་ལོ༡༢༤༤ལོར་ཁུ་བོས་ས་སྐྱ་པཎྜིཏ་ཧོར་རྒྱལ་པོ་གོ་དན་གྱིས་གདན་དྲངས་པ་ལྟར་བྱང་ལུང་ཅུ་སྡེ་བཞིར་ཕེབས་སྐབས་ཞབས་ཕྱིར་བྱོན་ཞིང་དེར་སློབ་དཔོན་ནས་ཆོས་དང་རིག་གནས་མཐའ་དག་གསན་སྦྱངས་མཛད།
   དགུང་ལོ་བཅུ་བདུན་པ་ལྕགས་ཕག་ལོ་སྟེ་སྤྱི་ལོ་༡༢༥༡ལོར་ས་པཎ་སྐུ་གཤེགས་ཁར་རང་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་བདག་པོར་བསྐོས། དགུང་ལོ་བཅུ་དགུ་པ་ཆུ་གླང་ལོ་སྟེ་སྤྱི་ལོ་༡༢༥༣ལོར་ཧུ་པི་ལི་སེ་ཆེན་གྱིས་གདན་དྲངས་ཏེ་ཧོར་གྱི་བླ་མཆོད་མཛད། ལོ་དེར་ས་པཎ་གྱི་སྐུ་གདུང་ངོ་མཚར་ཅན་བྱོན་པས་རྒྱལ་པོ་ཧུ་པི་ལི་སོགས་དད་ནས་འཕགས་པ་ལ་དབང་ཞུས་པས། ཐོག་མར་རྒྱལ་པོ་གཙོ་བོ་བྱས་མི་ཉི་ཤུ་རྩ་ལྔ་ལ་གསང་སྔགས་ཀྱི་དབང་གནང་། དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་དང་། དབུ་བླའི་གོ་གནས། གཡང་ཊི་ལས་བྱས་པའི་ཐམ་ཀ  མུ་ཏིག་གི་རྒྱན་པའི་སྣམ་སྦྱར། སྐུ་ཆོས་སོགས་དངོས་འབུལ་མང་པོ་ཕུལ་བ་རེད།
   དེ་ནས་སླར་ཡང་གོང་མས་གསང་སྔགས་ཀྱི་དབང་ཐེངས་གཉིས་པ་གནང་བའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ་གྱི་སྲིད་དབང་ཡོངས་རྫོགས་ཕུལ་ནས་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀའི་དབང་གི་བདག་པོར་བསྐོས། རབ་བྱུང་བཞི་པའི་ཆུ་བྱི་སྟེ་སྤྱི་ལོ༡༢༥༢ལོར་བོད་དུ་ཐོག་མར་ཕྱིར་ཕེབས། གོང་མས་འཕགས་པ་ལ་བོད་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོར་བསྐོས་པའི་འཇའ་ས་མུ་ཏིག་མ་ཕུལ། དེའི་ཕྱི་ལོར་ས་སྐྱར་བྱོན། བོད་དུ་ལོ་ངོ་གསུམ་བཞུགས་རིང་ལ་ཁ་ཆེའི་པཎྜི་ཏ་ཤྲཱི་ཏ་ཐཱ་ག་ད་བྷ་དྲ་དང་། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། སྣར་ཐང་མཁན་ཆེན་མཆིམས་ནས་མཁའ་གྲགས་སོགས་མཁན་ཆེན་ཉི་ཤུ་ལྷག་ཙམ་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་པོ་གསན། དེ་ནས་གོང་མའི་བཀའ་ལྟར་སླར་རྒྱ་ནག་ཏུ་ཕེབས་པའི་ལོ་སྟེ་སྤྱི་ལོ༡༢༥༥ལོར་སྣར་ཐང་མཁན་ཆེན་གྲགས་པ་སེང་གེའི་དྲུང་དུ་དགེ་སློང་གི་སྡོམ་པ་བཞེས། རབ་བྱུང་ལྔ་པའི་ས་སྦྲུལ་ལོ་སྟེ་སྤྱི་ལོ༡༢༦༩ལོར་ཧོར་ཡིག་གསར་པ་གཏན་ཕབ་ཀྱིས་ཕུལ་ཏེ་རྗེས་སུ་ཐམ་གའི་ཐོག་བདེ་སྤྱོད་བྱེད་སྲོལ་ཡོད། དགུང་ལོ་སོ་དྲུག་ལྕགས་རྟ་ལོ་སྟེ་སྤྱི་ལོ་༡༢༧༠ལོར་སླར་ཡང་རྒྱལ་པོ་ལ་གསང་སྔགས་ཀྱི་དབང་གནང་བའི་ཡོན་དུ་ཤེལ་དམ་གླིང་དྲུག་མ་དང་། གནམ་གྱི་འོག  ས་ཡི་སྟེང་ན་རྒྱ་གར་ལྷའི་སྲས་པོ། སྤྲུལ་བའི་སངས་རྒྱས། ཡི་གེ་རྩོམ་མི། རྒྱལ་ཁམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜིཏ་འཕགས་པ་དབུ་བླ་ཞེས་པའི་འཇའ་ས་གདང་གོ་གནས། དངུལ་བྲེ་ཆེན་སྟོང་ཕྲག  གོས་དར་ལྔ་ཁྲི་དགུ་སྟོང་བཅས་ཕུལ་བ་སོགས་བོད་དུ་ཕེབས་ཁར་གོང་མས་དངོས་འབུལ་རྒྱ་ཆེན་དང་དཔོན་དམག་ཁྲི་ཕྲག་མང་པོ་སྲུང་སྐྱེལ་བྱས་ཏེ་རབ་བྱུང་ལྔ་པའི་མེ་བྱི་ལོ་སྟེ་སྤྱི་ལོ༡༢༧༦ལོར་སླར་བོད་དུ་ཕེབས་ནས་ས་སྐྱའི་ཆོས་རྒྱལ་མཛད་ཅིང་། གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་ཕྲག་བདུན་ལྷག་ལོངས་པ་ལ་ཆོས་འཁོར་གནས་བ་དེར་ཆུ་མིག་འཁོར་ཟེར། དེ་ནས་ལོ་ལྔའི་བར་ས་སྐྱའི་གདན་ས་གནང་ནས་དགུང་ལོ་ཞེ་དྲུག་པ་རབ་བྱུང་ལྔ་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ༡༢༨༠ལོར་ལྷ་ཁང་བླ་བྲང་དུ་སྐུ་གཤེགས་པར་གྲགས་སོ། །
  • ལེ་ཚན་སྔོན་མ།:རྔ་རྒོད་བློ་བཟང་བྱམས་པ་རབ་རྒྱས།
  • ལེ་ཚན་རྗེས་མ།:བུ་སྟོན་རིན་ཆེན་གྲུབ།