ཞུ་ཆེན་ཚུལ་ཁྲིམས་རིན་ཆེན།

ཚོགས་གཉིས་རབ་རྒྱས།        2010-12-09

 
ཞུ་ཆེན་ལོ་ཙཱ་བའམ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ཞེས་བོད་རབ་བྱུང་བཅུ་གཉིས་པའི་མེ་གླང་ལོ་སྟེ་སྤྱི་ལོ༡༦༩༧ལོར་གངས་ཅན་བོད་ཆེན་པོའི་ཡུལ་ལས་ཁམས་སྡེ་དགེའི་མངའ་ཁུངས་ལྡན་ཁོག་གསེར་ལྡན་ས་དཀར་ཞེས་པར་ཡབ་ཀུན་དགའ་འཕེལ་ལམ་མིང་གཞན་ལྷ་བཟོ་ངག་དབང་ཆོས་འཕེལ་དང་ཡུམ་བུ་ཆོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་པར་ཁུ་བོའི་མདུན་ནས་ཀ་མད་འདོགས་འབྲེལ་བཅས་སྦྱངས། དེ་ནས་ས་གོདན་དུ་གྲྭ་བཙུན་མཛད། ཁྲོ་བོ་ལྷ་མགོན་དྲུང་ནས་ཡི་གེའི་སྦྱོར་ཀློག་སོགས་ལེགས་པར་སྦྱངས། དགུང་ལོ་བཅུ་གཅིག་པར་དྲུང་པ་ཀུན་དགའ་རྒྱལ་མཚོའི་མདུན་ནས་སོ་ཐར་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། མཚན་ཀུན་དགས་བསོད་ནམས་ཞེས་གསོལ། ཚེ་བྷྲཾ་དགོན་དུ་ཀརྨ་མཐུ་སྟོབས་ཀྱི་དྲུང་ནས་སྙན་ངག་བཅས་དང་། དགེ་བཤེས་སངས་རྒྱལ་ཆོས་འཕེལ་ལས་རྩིས་རིག་པ། རབ་འབྱམས་པ་བསོད་ནམས་བསྟན་པ་ལས་ཚད་མ་བཅས་ཐུན་མོང་གི་རིག་གནས་ཀུན་གསན་ཞིང་ལེགས་པར་སྦྱངས།
དགུང་ལོ་ཉེར་དགུ་པ་ཤིང་སྤྲུལ་ལོ་སྟེ་སྤྱི་ལོ༡༧༥༢ལོར་གཙང་ས་ངོར་གྱི་གདན་སར་ཕེབས། ངོར་བླ་བྲང་མཁན་པོ་ཚུལ་ཁྲིམས་ལྷུན་གྲུབ་ཀྱིས་ཚུལ་ཁྲིམས་རིན་ཆེན་ཞེས་གསོལ། དེ་ནས་མི་རིང་བར་ངོར་དགོན་ཁང་གསར་བླ་བྲང་གི་དྲུང་ཡིག་མཛད་དགོན་དེར་ལོ་བཞི་ལྷག་ཙམ་བཞུགས། དགུང་ལོ་སོ་བཞི་པ་ལྕགས་ཁྱི་ལོ་སྤྱི་ལོ་༡༧༣༠ལོར་མཁན་པོར་བསྐོས། དེ་ནས་བཟུང་ས་ཕྱོགས་ཀྱི་དཔེ་ཆ་ཚང་མ་ལེགས་སྒྲིག་དང་བསྟན་འགྱུར་ལ་ཞུ་དག་གང་ལེགས་གནང་། བར་ཁོམ་རྣམས་སུ་ཆོས་ལ་འཆད་ཉན་ཉམས་ལེན་དང་ལྷ་རིས་སོགས་ཀྱི་བྱ་བས་དུས་ཁོ་ན་འདའ་བར་མཛད་དེ། དགུང་ལོ་དོན་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་ལོ་སྟེ་སྤྱི་ལོ༡༧༧༤ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། ཁོང་གི་གསུང་ཆོས་སྐོར་བསྟོད་ཚོགས་གསུམ་འཕར་མ་ཞེས་དང་། རྣམ་ཐར་གྱི་སྐོར་དང་། དཀར་ཆག་ཆབ་ཤོག་གི་སྡེ་ཚན་སོགས་སྙན་ཞིང་འཇེབས་པའི་ངག་གི་སྦྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པ་པོ་ཏི་བཅུ་གསུམ་ཙམ་བཞུགས་སོ།།
  • ལེ་ཚན་སྔོན་མ།:སྒོ་མང་བློ་བཟང་ཚུལ་ཁྲིམས།
  • ལེ་ཚན་རྗེས་མ།:རྔ་རྒོད་བློ་བཟང་བྱམས་པ་རབ་རྒྱས།