གླིང་སྒྲུང་དང་འབྲེལ་བའི་ཨ་མདོ་ཕྱོགས་ཀྱི་ས་མིང་འགའ།(2)

        2010-11-22


—བཞི།རྨ་སྨད་མཐོ་པོ་དགུ་སྒྲིལ།གླིང་སྒྲུང་ནང་གི་རྨ་སྨད་མཐོ་པོ་དགུ་སྒྲིལ་ལས་མང་ཆེ་ཤོས་ཏེ་རྨ་ཆུ་རྫོང་ན་ཡོད་དེ།རྨུར་བྱེ་ཚོ་བའི་ཁོངས་སུ་ཡོད་པ་སྒྲོག་འཛོམས་རི་ཕྱོར་མཐོན་པོ།དཀར་པོའི་ཆོས་ལུས་མཐོན་པོ།ཆ་ཡི་དུང་རི་མཐོན་པོ།དབང་པཎ་ཚོ་བའི་ཁོངས་སུ་ཡོད་པ་དྭངས་རིའི་རྫ་དམར་མཐོན་པོ།པོ་ཏིའི་དཀྱིལ་རི་མཐོན་པོ།དངུལ་རྭ་ཚོ་བའི་ཁོངས་སུ་ཡོད་པ་དྭངས་རིའི་རྫ་དམར་མཐོན་པོ།ཆུ་དཀར་གསལ(གསའ)རི་མཐོན་པོ་སོགས་སོ།།རྨ་ཆུ་རྫོང་དེ་ས་བབ་ཀྱི་ཆ་ནས་མགོ་ལོག་དང་འབྲེལ་བས་ན་བྲག་རིའི་མར་སྒམ་མཐོན་པོ་དང་ཁོ་ཏིའི་ཤེའུ་སྙིང་མཐོན་པོ་གཉིས་མགོ་ལོག་དགའ་བདེ་རྫོང་གི་གཙང་སྐོར་གྱི་ཁོངས་སུ་ཡོད་ཅེས་གྲགས་སོ།།
—བླ་རི་དང་གནའ་ཤུལ་སྐོར།སྨུག་པོ་ལྡོང་གི་བླ་རིར་གྲགས་པ་དྭངས་རི་དམར་ཡག  བདུད་ཡུལ་ལས་སོ་ལྟ་བྱེད་ས་འཇང་གི་སོ་དེའུ་མཐོན་པོའམ་སྒྲོག་འཛོམས་རི་ཕྱོར་མཐོན་པོ།འབྲུག་མོའི་བེའུ་འདོགས་ས་ཁྲོ་ཁོ་སྨད་མའི་བེའུ་རྡང་དང་དངུལ་རྭ་ལྷ་སྡེའི་བེའུ་རྡང་།འབྲུག་མོའི་ཐབ་ཀ་དང་འབྲུག་མོའི་མར་སྒམ།ཁྱི་ཏིང་དཀར་དོམ་ཆུང་གི་སྡེར་རྗེས་དང་འདོ་རྗེ་རྐྱང་རྒོད་ཡེར་བའི་རྨིག་རྗེས།གླིང་ལྷ་སྡེ་དཀར་པོས་དཔེ་ཆ་བརྩིགས་པོ་ཏིའི་དཀྱིལ་རིའམ་གླིང་གི་པོ་ཏི་དམར་ཡག ཧོར་གྱི་པྰ་ཐུར་གྱི་མགོ་བོ་སྤུངས་ས་མདོ་སྐྱའི་ཧོར་མགོ རྒྱ་ནག་ཚོང་བས་བརྩིགས་ཏེ་གླིང་གེ་སར་ལ་ཕུལ་བ་དཔྱིའི་ཇེ་མཁར་རིང་མོ།འབྲུག་མོའི་དོ་བོ་བརྩིགས་ས་འབྲུག་མོའི་ཡ་དོ།གླིང་གེ་སར་གྱི་རྟ་གསོ་ས་གྱི་ལིང་ཁ་ར།འབྲུག་མོས་ལུ་གུ་འཚོ་ས་གཤིའི་ལུ་གུའི་སྣ།རོང་བཟའི་ཁེ་འཕན་དམར་ལེབ་ཀྱི་རྫོང་ཤུལ་བྱེ་དཀར་བྱུང་རུའི་རྫོང་།ཁྲོ་ཐུང་ཤན་པས་འཛིན་ས་ཁྲོ་ཐུང་དེའུ་ལུ།སྟག་རོང་གཟིག་འཕེན་ཆུས་ཁྱེར་ས།ཡུལ་གླིང་དཀར་སྟོད་ཀྱི་ས་འཛིན་རྐྱང་ཁོག་ལ་ནི་སྟག་འཛུལ་འདྲའི་ཨ་མྱེ་དངུལ་རྭ།འབྲུག་མོ་རྒྱ་ཡུལ་དུ་ཕེབས་སྐབས་ཀྱི་བ་རྡོ་བྱས་མྱངས་པ་འགྱེད་གསུམ་ཨུ་ཁུངས།
—གཉན་པོ་སྐུ་ལྷ་གེར་མཛོད།བཤད་རྒྱུ་ལ་ད་ལྟ་ཆུ་རྫོང་གི་མཛོད་དགེ་ཉིན་མའི་ཁོངས་སུ་ཡོད་པའི་ཨ་མྱེ་སྐུ་བླ་ཞེས་པའི་མིང་གཞན་ཡིན་པར་གྲགས།དེ་ཡང་རྗེ་དཀོན་མཆོག་སེང་གེ་བའི་གསུངས་ལས་ཨ་མྱེ་རྨ་ཆེན་དང་ཨ་མྱེ་སྐུ་བླ་དོན་གཅིག་འདྲ་གསུངས།ཡང་ཡུལ་འདི་ཡི་འབངས་མི་སེར་གྱི་ངག་རྒྱུན་ལྟར་ན།ཨ་མྱེ་སྐུ་བླ་འདི་ཡི་འབངས་མི་སེར་གྱི་ངག་རྒྱུན་ལྟར་ན།ཨ་མྱེ་སྐུ་བླ་འདི་ཐོག་མར་བོན་གྱི་བླ་རི་གྲགས་ཅན་ཞིག་ཡིན་ཏེ།ལོ་རེ་བཞིན་གནས་སྐོར་ལ་འགྲོ་བའི་སྲོལ་ཡོད་པ་མར་ཟད་དེང་སང་ཡང་རྗེས་ཤུལ་མ་ཉམས་པར་ཡོད།རྗེས་སུ་འཛམ་གླིང་སེང་ཆེན་རྒྱལ་པོས་ཡུལ་འདི་ལ་དབང་བསྒྱུར་རྗེས་གླིང་གི་གཞི་བདག་ཏུ་བཀོད་ཟེར།ཡུལ་མི་རྣམས་ནས་ཨ་མྱེ་སྐུ་བླ་རྟ་དཀར་ཅན་ནམ་སྐུ་བླ་སྤུན་གསུམ་ཟེར་འབོད་ལ།ལོ་རེའི་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་མཛོད་དགེ་ཉིན་མ་ཤོག་ཁ་དྲུག་པོས་ལྷན་དུ་བསང་མཆོད་བྱེད།ཨ་མྱེ་སྐུ་བླའི་སྣང་བརྙན་ནི་རྟ་དཀར་ཞིག་ལ་བཅིངས་ཀྱང་སྐུ་ལ་འཁྲབ་རྨོག་གྱེ།ན་པ།དབུ་ལ་ཕྱི་ཞྭ་གྱོན་པ་ཞིག་སྟེ་ཨ་མྱེ་རྨ་རྒྱལ་དང་ཕལ་ཆེར་འདྲའོ།
  • ལེ་ཚན་སྔོན་མ།:གེ་སར་རྒྱལ་པོའི་བསང་ཁྲི།
  • ལེ་ཚན་རྗེས་མ།:གསར་དུ་རྙེད་པའི་གསེར་གྱི་ཞིང་ཁམས་ཤིག
  • དོ་སྣང་ཆེ་བའི་རྩོམ།