《ཧོར་གླིང་གཡུལ་འགྱེད》ལས་མི་གཤིས་དང་མཐུན་པའི་གླུ་ཚིག་དང་ངག་རྟ་འགའ་ལ་དཔྱད་པ།(2)

ཀུན་བཟང་སྐྱིད།        2012-12-12


 གསུམ།རྒྱ་ཚ་ཞལ་དཀར།
གཞན་ཡང་གདོང་འབུམ་པ་རྒྱ་ཚ་ཞལ་ལུས་ཀྱང་དུས་སྐབས་དང་གནས་བབ་མི་འདྲ་བའི་འོག་ཏུ་གླུ་ཚིག་དང་ངག་རྟ་མི་འདྲ་བ་རེ་བླངས་ཡོད་དེ།ཧོར་ལ་ཇག་ཏུ་ཆས་སྐབས་དང་སྲས་དགུ་ལྷ་རྩེ་རྒྱལ་མ་བུ་གཉིས་ལ་ཁ་ཆེམས་འཇོག་དུས།ཧོར་གུར་དཀར་ལ་འཕྱ་གཏམ་སྒྲོག་དུས།སྤྱི་དཔོན་དང་མ་འགག་བཟའ་སོགས་ལ་ལེ་ལན་བྱེད་དུས།སྤུན་མཆེད་ལྷའུ་བསད་རྗེས་ཡིད་གདུང་གི་མཆི་མ་བྱུང་དུས།ཤན་པའི་མདུན་ནས་རང་སྲོག་ཤོར་དུས་སོགས་ཀྱི་གླུ་རྟ་དང་གླུ་ཚིག་ལ་བལྟས་བཅོས་ཀྱིས་འཇམ་རྩུབ་གཉོམ་དྲག་གི་ཁྱད་པར་ཅུང་ཞིག་མཆིས་མོད།སྤྱིར་བཏང་དུ་རྒྱ་ཚའི་རང་གཤིས་དང་མཐུན་པའི་ངག་རྟ་དང་གླུ་ཚིག་ཕལ་ཆེར་འགྱུར་མེད།ཁུ་བོ་སྤྱི་དཔོན་གྱིས་འབུམ་པའི་རྒྱ་ཚ་ཞལ་ལུ་ལགས།མ་ཁྲོ་ཐུགས་རྗེས་ཆེན་པོ།ཁྲོས་ན་ཁྲོ་བོ་རྟ་མགྲིན།མི་ལ་ཡོད་ན་སྨོན་རྒྱུ།རང་ལ་ཡོད་ན་ངོམ་རྒྱུ།(8)ཟེར་བ་བཞིན།ཁྲོས་པའི་ཚེ་ན་སྤྱི་དཔོན་ཡིན་རུང་སྡིགས་ལན་དང་གཤེ་གཤེ་གཏང་སྲིད་དེ།ཨ་ཁུ་སྤྱི་དཔོན་རྒྱལ་པོ་ལགས།གཏམ་གླ་བོ་ཅི་འདྲ་ཟེར་འདོད་ཡིན།ཡང་མིན་ན་རྒས་ནས་འཆོལ་ལེ་རེད།འཆོལ་ནས་འཆོལ་གཏམ་ཡ་མེད་རེད།ཡང་མིན་ན་ཆུང་ནས་རྩེ་ལོ་རེད།ཆུང་བྱིས་པའི་ཡེར་གཏམ་ཡ་མེད་རེད།གནའ་མི་བོད་ཀྱི་གཏམ་དཔེ་ལ།གཏམ་ཡ་མེད་དཔོན་པོའི་བཙན་གཏམ་ཡིན།(9)ཞེས་པ་ལྟ་བུ་རེད།ད་དུང་ཧོར་གྱི་སྟོང་ཤོར་འབུམ་ཐུབ་ལ་ངག་རྟ་དཔའ་གླུ་ཐུང་ཐུང་ལ་དྲངས་པ།ཁྱོད་སྟོང་ཤོམ་འབུམ་ཐུབ་མགོ་བྱས་པའི།དམག་འཕྲུ་ཁྲ་ཅན་ལ་རྒྱ་མཚོ་བཅུ།གཏམ་བཤད་མི་གཅིག་ལས་གཏོང་རྒྱུ་མིན།མགོ་ཉུང་རྡོག་འབྲེག་འབྲེག་མི་བྱེད་རི།ཧོར་རྐང་ལྕང་ལོ་གཏུབ་གཏུབ་གཅིག །ཧོར་ཁྲག་ཡུར་ཆུ་འཐེན་འཐེན་གཉིས།སྒང་སྒང་རོ་ཡིས་ཁེངས་ལེ་གསུམ།གཤོང་གཤོང་ཁྲག་གིས་བཀང་ལེ་བཞི།(10)ཞེས་པ་ལྟ་བུར་ཚིག་རྟིང་མནའ་ཡིས་བསྒས་ཏེ་རྒྱ་ཚ་ཞལ་ལུང་རང་ལ་འགྲོ་གཞོམ་གྱི་དཔའ་ངར་ཇི་འདྲ་ཞིག་གདའ་བ་མངོན་པ་དང་ཆབས་ཅིག  གཡུལ་སའི་དམག་འཁྲུག་གི་འཇིགས་རུང་དང་དྲག་ཤུལ་གྱི་འགུལ་རྣམ་ཞིག་ཀྱང་དཔེའི་ལམ་ནས་རང་ཤུགས་ཀྱིས་ཚིག་གསེང་དུ་ཐོན་འདུག་སྟེ།མི་མགོ་ཉུང་རྡོག་འབྲེག་འབྲེག་དང་ཧོར་རྐང་ལྕང་ལོ་གཏུབ་གཏུབ་ཀྱིས་ཧོར་ཁྲག་ཡུར་ཆུ་འཐེན་འཐེན་དང་སྒང་སྒང་རོ་ཡིས་ཁེངས་ཤིང་གཤོང་གཤོང་ཁྲག་གིས་བཀང་བའི་རྣམ་པ་ཞིག་ཆགས།ཞལ་ལུའི་ཞུམ་མེད་ཀྱི་དཔའ་རྩལ་དང་ལས་སྣང་མ་དག་པའི་སྡུག་འབྲས་སོགས་ཀྱང་ཞར་ལ་མི་གསལ་ལམ།གེ་སར་གྱིས་བདུད་ཡུལ་ནས་ལྷ་འབོད་དང་མདའ་རྫོང་གི་གླུ་ཞྭ་དཀར་ལྡེམ་གླུའི་ངག་རྟར་དྲངས་ནས་མདའ་ཡིག་སྤྲིངས་དུས་ཞལ་དཀར་གླེན་པ་ཁ་འཐམ་ལ་མཚམས་དང་སྒྲུབ་པ་ལ་འབུངས་ཤིག་གྱིས།ཕ་དམག་ཁྲ་བོའི་ཟུར་ལ་མ་འབུད་གྱིས(11)ཞེས་ཆེད་དུ་ཞལ་དཀར་ལ་སྐད་བསྐུར་དོན་ཡང་འདི་ལྟའི་བྱ་སྤྱོད་ལ་ཐུག་གོ་སྙམ་ཞིང་།ཞལ་དཀར་ཁོང་གིས་ཀྱང་ངག་རྟ་སྙན་པའི་མེ་ཏོག་ལ་དྲངས་པའི་གསུང་སྙན་གླུའི་མཐའ་མ་གླུ་ཐ་ལ་……གླུ་ཨ་ལ་……།།གནས་དག་པ་དབྱིངས་ཀྱི་ཞིང་ཁམས་སུ།།མགོན་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད།བྱིན་རླབས་དངོས་གྲུབ་མེ་ཏོག་ཆར།གཡང་ཆགས་པའི་ས་ནས་དབབ་ཏུ་གསོལ།(12)ཞེས་གེ་སར་རྒྱལ་པོར་སྤྲིན་འཕྲིན་བཏང་བའི་ཁྲོད་བྱིན་རླབས་རྫུ་འཕྲུལ་ཁོང་ལ་ཡོད།།དཔའ་རྩལ་སྙིང་སྟོབས་ཞལ་ལུ་བཟང་།།(13)ཞེས་གསུངས་པས་ན།ཞལ་ལུའི་རང་གཤིས་དང་མཐུན་པའི་གོང་གི་དཔའ་གཏམ་འདི་འདྲ་མ་ཞིག་ངག་རྟ་དཔའ་གླུ་ཐུང་ཐུང་གི་དབྱངས་སུ་གྱུར་ཚེ་རྟུལ་ཕོད་སྟག་གི་མཆེ་བའི་གསེང་ནས་ཕྱུང་བའི་ངར་སྐད་ཅིག་ཅིས་ཀྱང་ཐོན་སྲིད་ལ་ཕྱི་ནང་གཉིས་མེད་ཀྱི་རོལ་དབྱངས་མཉམ་མཉམ་ཞིག་ཀྱང་འབྱུང་ངོ་།། དེ་བཞིན་དུ་གླིང་སེང་ལྕམ་འབྲུག་མོས་ཨ་ཁུ་ཁྲོ་ཐུང་ཧོར་ལ་ཇག་ཏུ་འགྲོ་ཁར།སྨོན་ལམ་འདེབས་པའི་ཚིག་ཟུར་ལ་སྔོ་ལོ་མི་འཕྱར་བར་གྱིས་ཟེར་བའི་གླུ་ལེན་སྐབས།གླུ་འདི་གླུ་ངོ་མ་ཤེས་ན།སེར་མོ་དགུ་སིང་དྲུག་འགྱུར་ཡིན།ཁྲ་བོ་གླིང་གི་ས་ཆ་ན།དྲུག་འགྱུར་གླུ་ལ་དྲུག་ཙམ་ཡོད།གླིང་གེ་སར་སེང་ཆེན་དྲུག་འགྱུར་ལེན།དཔའ་རྒྱ་ཚས་དཀར་མོ་དྲུག་འགྱུར་ལེན།བློན་འདན་མས་ཐ་ལ་དྲུག་འགྱུར་ལེན།སྲུ་རག་བཟས་ཤེལ་དཀར་དྲུག་འགྱུར་ལེན།ནེའུ་ཆུང་ཅོ་གའི་དྲུག་འགྱུར་ལེན།ཨ་སེར་མོའི་དགུ་སིང་དྲུག་འགྱུར་ལེན།(14)ཞེས་བྱུང་བ་ལྟར།གླིང་ས་མཐོང་བ་ཀུན་སྨོན་དུ་དྲུག་འགྱུར་གླུ་ལ་རིགས་དྲུག་ཡོད་པས་སོ་སོར་ཐུན་མིན་གྱི་ཁྱད་ཆོས་རེ་མཆིས་པ་དང་ཆབས་ཅིག་གླུ་ཚིག་ཐུན་མོང་མ་ཡིན་པ་རེ་རེ་གྲུབ་པའང་མཐར་གཏུགས་ན།སྒྲུང་ནང་གི་མི་སྣ་སོ་སོར་རང་རང་གི་གཤིས་ཀ་དང་མཐུན་པའི་རང་དབང་གི་སྨྲ་བརྗོད་རེ་སྤྲད་ཡོད་པས།རྩོམ་རིག་གི་རྗོད་བྱེད་ཀྱི་རྩ་བ་རྒྱས་ས་རྗོད་བྱེད་སྤྱིའི་ལོ་རྒྱུས་ཆགས་ཚུལ་ཁྲོད་ཡིན་པ་དང་།དེས་བརྡ་རྟགས་རང་སྟེང་གི་མཉམ་གཞག་གི་གནས་སུ་ནན་བྱས་པར་མ་ཟད།མི་སེམས་ཀྱི་ཆགས་སྡང་མཚོན་རྒྱུ་དང་བྱེད་ནུས་ཀྱི་ཕྱོགས་སུའང་བལྟ་དགོས་(15)པའི་གནས་ལུགས་སུ་འཁུམས་སྙམ།འོ་ན།རྩོམ་རིག་གི་རྗོད་བྱེད་ནི་སྤྱིར་བཏང་གི་ཚིག་དང་རིག་གཞུང་གི་རྗོད་བྱེད་སོགས་ལས་ཁྱད་དུ་འཕགས་ཤིང་།རྩོམ་ཧྲིལ་བོར་རྗོད་བྱེད་ཀྱི་ངོ་བོ་དང་རྣམ་པ་དཀྱུས་གཅིག་གིས་ཀྱང་འགྲུབ་རུང་བ་ཞིག་མ་ཡིན་པར།མི་སྣའི་འཚར་ལོངས་དང་སྒྲུང་གི་འཕེལ་རིམ་གྱི་གནས་བབ་དང་མཐུན་པའི་སྒོ་ནས་རྗོད་བྱེད་ཅིག་སྤེལ་དགོས་ལ།《ཧོར་གླིང་གཡུལ་འགྱེར》ཁྲོད་བྱུང་བའི་གླུ་ཚིག་གམ་མི་སྣའི་ལབ་གླེང་དག་ཏུ་རྩོམ་རིག་གི་རྗོད་བྱེད་ལ་དགོས་པའི་བྱེད་ནུས་ཀྱི་རེ་བ་དེ་དག་ཡོངས་སུ་ཚང་བའི་ཁར།མི་སྣ་སོ་སོར་རང་རང་གི་རང་གཤིས་དང་ནང་སེམས་ཀྱི་འགྱུར་བར་མཐུན་པའི་ངག་རྟ་རེ་རེ་གདའ་ཕྱིར་མི་སྣའི་ནང་སེམས་ཀྱི་ཆགས་སྡང་ཐད་མཚོན་རྒྱུར་དགོས་པ་ཆེན་པོ་མཆིས།
སྒྲུང་རྩོམ་དང་ཟློས་གར་རྩོམ་རིག་གང་ཞིག་ཡིན་ཡང་མི་སྣའི་ཁ་བརྡ་ངེས་པར་དུ་མི་སྣ་རང་གི་གཤིས་ཀ་དང་བསམ་བློའི་བརྩེ་དུངས་ཀྱི་ཚུར་སྣང་ཞིག་ཡིན་དགོས་པ་དང་།དེར་མ་ཟད་ཕན་ཚུན་ཚབ་བྱེད་མི་རུང་བའི་གཤིས་ཀ་ཅན་གྱི་སྐད་ཆ་ཡིན་དགོས།(16)གཤིས།གེ་སར་སྒྲུང་ནང་ས་ཁྱོན་མང་དུ་ཟིན་པའི་གླུ་ཚིག་གིས་དེ་ལྟའི་བེད་ཅིག་ཐོན་ཡོད་པ་གོང་གི་དཔེ་མཚོན་འགའི་སྟེང་ནས་གླེང་བ་བཞིན་དུ་ཟད་ལ།ཇི་སྲིད་གླུ་ཚིག་གི་མི་རིགས་མང་དུ་འཕེལ་ན་དེ་སྲིད་གླུ་རྟ་རེ་འབྱུང་བའང་རིག་གནས་སྤྱིའི་ཆོས་ཉིད་དང་མཐུན་ཞིང་།སྒོས་སུ་བོད་མིའི་གླུ་ཚིག་དང་གླུ་རྟར་དེའི་ཕྱོགས་ཀྱི་མ་ལག་ཅིག་གྲུབ་ཡོད་པར་མ་ཟད།དམངས་ཁྲོད་ནས་འཚར་ལོངས་བྱུང་བའི་གླུ་ཚིག་ཕལ་ཆེ་བ་ཡིག་འབྲུ་བདུན་དང་བརྒྱད་ཅན་གྱི་ཚིགས་བཅད་དུ་ངེས་པས།གླུ་རྟའམ་ཕྱིའི་དབྱངས་འགྲོས་སུ་བསྟན་བདེ་བའི་ཁྱད་ཆོས་ཤིག་ཐོན་ཡོད་ཅིང་།བོད་ཀྱི་མགུར་མ་དང་ཚིགས་བཅད་སྙན་ངག་སོགས་ཀྱི་ས་བོན་ཐོག་མའང་ལོས་ཡིན་སྙམ།གང་ལྟར་གླུ་ཚིག་ནི་བོད་ཀྱི་ཚིགས་བཅད་རྩོམ་རིག་ཁྲོད་ཆེས་སྔ་བའི་སྙན་ངག་གི་རྣམ་པ་ཞིག་ཡིན་ལ།གེ་སར་སྒྲུང་གི་ཁྲོད་ནའང་གོ་གནས་གལ་ཆེན་ཟིན(17)ཡོད་སྟབས།གླིང་གི་ངག་རྟ་དྲུག་འགྱུར་གྱི་རིགས་དྲུག་ལས་གཞན་གེ་སར་རྒྱལ་པོའི་རྡོ་རྗེའི་གསུང་གླུ་དང་ཞྭ་དཀར་ལྡེམ་གླུ།ཁྲ་རྒན་གྱི་ཞི་འཇམ་རིང་མོ།འདན་མའི་དགྲ་ཕར་རྒྱག་སྲོག་སྙིང་ཟ་གླུ།འབྲུག་མོའི་ཚེ་གླུ་འགྱུར་མེད་དང་ཧོར་གྱི་གུར་དཀར་རྒྱལ་པོའི་རྔམས་ཆེན་འགྱིང་གླུ་དང་ཤན་པ་རྨེ་རུ་རྩེའི་འབྲས་རིང་འབྲས་ཐུང་ལྟ་བུའི་ངག་རྟ་དང་དེར་དྲངས་པའི་གླུ་ཚིག་དག་གིས་ཀྱང་མི་སྣ་སོ་སོའི་ཐུན་མིན་གྱི་རང་གཤིས་ཡོངས་སུ་མཚོན་ནོ།།
 
 
  • ལེ་ཚན་སྔོན་མ།:ཁམས་པའི་འཛུམ་རིས་དང་། གླིང་གེ་སར།
  • ལེ་ཚན་རྗེས་མ།:སི་ཁྲོན་གེ་སར་རིག་པའི་བྱ་བའི་སྐོར་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།