གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལ་རོབ་ཙམ་དཔྱད་པ།

པད་མ་སྐྱབས།        2010-12-13

 གླིང་སྒྲུང་དང་དེའི་ངོ་བོ།སྒྲུང་པའི་དབྱེ་བ་ཕྲན་ཙམ་བཤད་ན།དེ་ཡང་བོད་གངས་ཅན་གྱི་རིག་གནས་ཁྲོད་ཀྱི་གཟི་འོད་འཕྲོ་བའི་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ཞེས་པ་ནི།བརྗོད་བྱ་དང་རྗོད་བྱེད་ཀྱི་ཚིག་གྲངས་འབོར་ཆེ་ལ།འཛམ་གླིང་དུ་གྲགས་པའི་སྙན་རྩོམ་ཀུན་ལས་ཁྱད་དུ་འཕགས་པ།བརྗོད་དོན་ཟབ་ལ་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ངོ་མཚར་རྨད་དུ་བྱུང་བ།དེའི་ནང་གི་མི་སྣ་གཙོ་བོ།འཛམ་གླིང་གེ་སར་རྒྱལ་པོའི་རླབས་ཆེ་བའི་མཛད་པ་འཕྲིན་ལས་ཀྱི་རྣམ་ཐར་དེ།དང་ཐོག་བོད་རིགས་དམངས་ཁྲོད་ཀྱི་ཡ་མཚན་རྨད་དུ་བྱུང་བའི་སྒྲུང་པ་རྣམས་ཀྱི་སྙན་པའི་གྲེ་འགྱུར་གྱི་དབྱངས་རིང་ལས་བྱུང་བ་ཡིན་ལ།དེ་ནས་རིམ་བཞིན་གླིང་གེ་སར་གྱི་སྒྲུང་དང་ལོ་རྒྱུས་རྟོག་བརྗོད་དེ་དག་རིག་ལམ་ནས་མཁས་དབང་ཚོས་ཡིག་ཐོག་ཏུ་བཀོད་པ་འདྲ་ལ།དེ་ལྟ་བུའི་གླིང་གེ་སར་རྒྱལ་པོའི་སྒྲུང་པ་ལ་ཡང་རིགས་མི་འདྲ་བ་དུ་མ་ཡོད་དེ།སྒྲུང་པ་ཚད་ལྡན་གྱི་རིགས་ལ་གཏེར་སྒྲུང་།བབ་སྒྲུང་།པྲ་སྒྲུང་གསུམ་ཡིན་ལ།འབྲིང་དང་ཐ་མ་ནི་ཡིག་སྒྲུང་།བརྒྱུད་སྒྲུང་།བསླབས་སྒྲུང་།ཐོས་སྒྲུང་།ཁ་སྒྲུང་བཤད་མཁན་བཅས་ཡོད་པར་བཤད།
གླིང་སྒྲུང་གི་བྱུང་ཚུལ།སྔོན་བསྐལ་བ་ཡ་ཐོག་སྐབས།ཐོག་མའི་མགོན་པོ་སྣང་བ་མཐའ་ཡས་ཀྱི་བསྟན་པའི་སྐབས།སངས་རྒྱས་སྟོང་རྩ་བྱོན་ནས་སེམས་ཅན་གྱི་དོན་མཛད།།མཉམ་མེད་ཐུབ་པའི་དབང་པོ་བྱོན་སྐབས་དགྲ་བཅོམ་པ་ལྔ་བརྒྱ་དང་།ས་བཅུའི་བྱང་སེམས་རྣམས་ཀྱི་སྐུ་ཡི་སྐྱེ་བ་བཞེས་ནས་འགྲོ་བའི་དོན་མཛད།མཉམ་མེད་ཐུབ་པའི་དབང་པོ་ཞི་བར་གཤེགས་སྐབས།ཁྱེད་རྣམས་མྱ་ངན་མ་བྱེད་ཅིག  ང་ཉིད་ཨུ་རྒྱན་ཡུལ་དུ་འབྱུང་།མངའ་སྐྱེས་མ་ཡིན་བརྫུས་སྐྱེས་ཅན།པདྨ་འབྱུང་གནས་རྫུ་འཕྲུལ་ཅན།བཀའ་འདུས་དག་ལ་མཁས་པ་འབྱུང་།ཞེས་པས་ལུང་བསྟན་པ།གུ་རུ་མཚོ་སྐྱེས་རྡོ་རྗེ་བྱོན་སྐབས།གྲུབ་ཆེན་བརྒྱད་ཅུ།རྗེ་འབངས་ཉེར་ལྔ་སོགས་གྲུབ་བརྙེས་རིག་འཛིན་སྟོང་རྩའི་སྐྱེས་པ་བཞེས།དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་མཐའ་རྒྱས་པ།རྣམ་ཐར་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་དགུ  མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦས།འདོན་མི་ཨུ་རྒྱན་པདྨའི་རྒྱལ་ཚབ་མཆོགགཏེར་ཆེན་བརྒྱ་རྩ་གཏེར་ཕྲན་སྟོང་རྩ་འབྱུང་ཞེས་དང་།ཨུ་རྒྱན་པདྨ་རྔ་ཡང་གླིང་དུ་བཞུད།དེ་ནས་བརྒྱུད་དེ།རིགས་གསུམ་མགོན་པོ་དང་།གུ་རུ་པདྨའི་བྱིན་གྱིས་བརླབས་པའི་བུ།ལྷ་ཚངས་པའི་སྲས་བུ་ཏོག་དཀར་བོ་སྟེ།གེ་སར་སྟེང་ལྷ་ཡུལ་ནས་བར་མི་ཡུལ་དུ་བདུད་རྣམས་འཇོམས་པར་མར་མངགས་སྐབས།གྲུབ་ཆེན་དང་རྗེ་འབངས་རྣམས་ཀྱི།རྣམ་སྤྲུལ་དཔའ་བརྟུལ་བརྒྱད་ཅུ།ཡང་ཐུལ་སྟོང་དང་དགུ་བརྒྱ་བྱོན་ཚུལ།ལྷ་གླིང་གབ་རྩེ་དགུ་སྐོར་ལས་གསལ།
༡  གཏེར་སྒྲུང་ཞེས་པ་ཅི་ལྟར་ཞེ་ན།སྔོན་དུ་གུ་རུ་པདྨའི་མ་འོངས་གཏེར་སྟོན་བྱོན་སྐབས།ཟབ་གཏེར་ལ་དབང་འབྱོར་བའི་གཏེར་སྟོན་རྣམས་ལ་གཏད་རྒྱ་སྨོན་ལམ་སྐབས།ངའི་སྤྲུལ་གཏེར་ལ་དཔལ་འབྱོར་བའི་གཏེར་སྟོན་རྣམས་ལ་གཏད་རྒྱ་སྨོན་ལམ་སྐབས།ངའི་སྤྲུལ་གཏེར་སྟོན་ཡང་དག་ཡིན་ངེས་ན།གུ་རུའི་རྣམ་ཐར་རྒྱས་བསྡུས་གང་རུང་དང་།གེ་སར་རྒྱལ་པོའི་སྒྲུང་ཐབས་སམ་སྒྲུང་སྣ་རེ་མེད་པ་མི་སྲིད།སློབ་དཔོན་ཞལ་ནས་གསུངས་ཞེས་གསུངས་པ་བཞིན།གཏེར་སྒྲུང་ལ་རིགས་ལྔ་ཡོད་ལ།རྫས་གཏེར།དག་སྣང་།སྙན་བརྒྱུད།དགོངས་གཏེར།མིག་འཕྲུལ་ལྔ།རྫས་གཏེར་ཞེས་པ་ས།    རྡོ།    རི།   བྲག     ནམ་མཁའ།ཆུ།ཤིང་སོགས་ལ་སྦས་པའི་སྒྲོམ་བུ།རྒྱུ་རིན་པོ་ཆེ་མན་ཤེལ།གསེར།གཡུ།ཟངས་ས་ལས།གཟི།ཨིནྡྲ་ནཱི་ལ།དུང་དང་རྡོ་བ་སོགས་ལས་གྲུབ་པའི་སྒྲོམ་བུ།གཏེར་གནས་ནས་གཏེར་སྟོན་རང་ཉིད་ཀྱི་བླངས་བའི་དུས་སུ།གཏེར་སྟོན་རང་ལ་དབང་གི་ལས་ཡོད་པས།ཁ་ཕྱེ་ནས་ཤོག་སེར་གྱི་རྒྱུ།ཏ་ལ།གྲོ་ཀ   མཐིང་ཤོག་སོགས་ལ་བྲིས་པའི་བརྡ་ཡིག   ཡིག་འབྲུ་ཆ་ཤས་ལ་བལྟས་ནས་གླིང་སྒྲུང་ཡིག་འབྲུ་ཁྲི་ཚོ་མང་པོ་འབྲི་ཐུབ་པ་རེད།དག་སྣང་ཞེས་པ།སྣང་བ་བརྡ་དང་དཔེ་ཆ་རུ་ཤར།མགྲིན་པ་གླུ་ཡི་བང་མཛོད་དུ་གྱུར་ནས་གླིང་གེ་སར་གྱི་ལོ་རྒྱུས་སམ་སྒྲུང་བཤད་པ་དང་འབྲི་བ་གང་རུང་ལ།ཚིག་གི་སྐྱོན་དང་ཡིག་ནོར་སོགས་ཡོད་མི་སྲིད།དཔེར་ན་གསེར་སྨད་སྦས་པའི་གཏེར་སྟོན་རྒྱལ་རོང་རིག་བདེ་ལྟ་བུའོ།སྙན་བརྒྱུད་ཞེས་པ།སྒྲུང་པ་རང་གི་རྣ་ལམ་དུ།གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་དང་།གླིང་ཡུལ་གྱི་ས་ཆ་རྒྱན་ཆ་ལུགས།གེ་སར་དང་དཔའ་བརྟུལ་རྣམས་ཀྱི་མཛད་སྤྱོད།གླིང་གི་སྲོལ་རྒྱུན་གོམས་གཤིས་སོགས་དང་།དགྲ་འཐབ་གཡུལ་འགྱེལ་ལ་འགྲོ་བ་སོགས་རང་གི་རྣ་ལམ་དུ་མི་གཞན་ཞིག་སྐད་སྙན་ལ་སྒྲ་དག་མོ་བྱེད་ནས་བཤད་འདུག་པ།རང་མིན་པའི་གཞན་གྱིས་མི་ཚོར་བ་ཡིན་པས།ཡིག་ཐོག་བཀོད་ཁའམ་རང་གིས་ལེན་པ།གང་ལྟར་བྱས་ཀྱང་དེའི་རིགས་ལ་སྙན་དུ་བརྒྱུད་པའི་མ་ཅིག་སྙན་བརྒྱུད་ཀྱི་སྒྲུང་ཟེར་བ་རེད།དགོངས་གཏེར་ཞེས་པ།ཐུགས་ཀྱི་དགོངས་པ་ཀློང་བརྡོལ་ནས།རིག་པ་དུང་སངས་ཆེན་པོའི་ངོར་ཤར་བའི་གླིང་ཡུལ་དང་།གླིང་གེ་སར་རྒྱལ་པོ་རྣམས་ཀྱི་ལོ་རྒྱུས་དང་རྣམ་ཐར་འབྲི་བ་དང་།ཡང་ཐུགས་ཀྱི་དགོངས་པ་གཞན་ལ་འཕོས་ནས་གཞན་གྱི་སྒྲུང་འབྲི་བ་དཔེར་ན།བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་དགོངས་པ་སློབ་བུ་སྤུ་རིས་ལ་གཏད་པ་ཙམ་གྱིས་སྒྲུང་བབས་ནས།མཚན་ལ་སྒྲུང་གཏེར་མི་རང་ཤར་གསོལ་ནས།གླིང་གི་ལོ་རྒྱུས་ཡིད་ལ་ཤར་ནས་མོན་གླིང་གཡུལ་འགྱེལ་དང་།ཏ་ཟིག་ནོར་རྫོང་།གྲུ་གུ་གོ་རྫོང་།སོག་ལི་ཁྲིའི་རྟ་རྫོང་།འཁྲུངས་གླིང་སོགས་བྲིས་པ་ལྟ་བུའོ།།མིག་འཕྲུལ་ཞེས་པ་གཏེར་སྟོན་རང་གི་མིག་ལམ་ནས་སྒྲུང་འབྲི་བ་འདི་ལྟར།མིག་ལམ་ལ་གླིང་ཡུལ་དང།གླིང་གེ་སར་རྒྱལ་པོ་དང་།དཔའ་བརྟུལ་རྣམས་ཀྱི་གཟུགས་བརྙན་ཇི་མ་ཇི་བཞིན།གློག་བརྙན་ཀྱི་གཟུགས་བརྙན་ལྟར་མིག་ལམ་ལ་གསལ་བ་མ་ཟད།གླིང་གི་ལོ་རྒྱུས་དང་མཛད་རྗེས་སོགས་ལ་དེབ་མང་པོ་འབྲི་ཐུབ་པ།དེ་ལ་ལུང་རིགས་གང་ལ་གཏུག་ན་ནོར་འཁྲུལ་མེད་པའི་སྒྲུང་འབྲི་ཐུབ་པ།དཔེར་ན་ད་ལྟར་བཞུགས་པའི་གཏེར་སྟོན་ཨོ་རྒྱན་ཤེས་རབ་ལྟ་བུའོ།།
པྲ་སྒྲུང་ཞེས་པ་གཙོ་བོར་པྲ་ཕབ་མཁན་རང་གི་མིག་ལ་པྲ་ཤར་མི་ཤར་ཡོད་དེ་པྲ་མིག་ཡིན་དགོས་པ་རེད།པྲ་ཤར་སའི་རྒྱུ་ལི་དང་འཁར་བ་ཤེལ་སོགས་ལས་གྲུབ་པའི་མེ་ལོང་ཡིན་ལ།སྒྲུང་པ་རང་གི་པྲ་ཕབ་སའི་མེ་ལོང་དེ་མདུན་དུ་བཞག་ནས་དྲི་བཟང་གི་སྤོས་དང་།ཇ་བཟང་གི་གསེར་སྐྱེམས་ཕུལ།འཛམ་གླིང་སེང་ཆེན་རྒྱལ་པོའི་བསང་མཆོད་དང་དགྲ་ལྷའི་གསོལ་འདེབས་སོགས་བཏོན་ཏེ།གསོལ་བ་རྩེ་གཅིག་ཡང་ཡང་བཏབ་པ་ན།མེ་ལོང་ནང་གེ་སར་དང་གླིང་དཔའ་བརྟུལ་ཕུ་ནུ་རྣམས།ངོ་མཚར་རྨད་དུ་བྱུང་བའི་སྣང་བརྙན་དེ་ ་གློག་བརྙན་དང་བརྙན་འཕྲིན་ལྟར་འཆར་བ་ལ་སྒྲུང་པས་བལྟས་ནས་བཤད་པ་དང་འབྲི་བ་ལ་པྲ་སྒྲུང་ཟེར་ལ།དཔེར་ན།པྲ་སྒྲུང་ཕབ་མཁན་ཆབ་མདོ་ས་ཁུལ་གྱི་ཁ་ཚ་པྲ་བ་ངག་དབང་རྣམ་རྒྱལ་རྒྱ་མཚོ་ལྟ་བུ་ཡིན།
ཡིག་སྒྲུང་ཞེས་པ་ཡི་གེ་ཐོག་བཀོད་པ་སྒྲུང་ཡིག་གང་རུང་བཤད་མཁན་གྱི་སྒྲུང་པ།ས་གནས་གང་དུའང་མང་ལ།དཔེར་ན།ཀན་ལྷོའི་ས་ཁུལ་གྱི་སྐལ་བཟང་གྲགས་པ་ལྟ་བུ།ཡིག་ཐོག་ནས་བཤད་མཁན་རྣམས་ཀྱིས་སྒྲོ་འདོགས་མེད་པའི་སྒྲུང་བཤད་པའོ།།
བརྒྱུད་སྒྲུང་ཞེས་པ་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་སྒྲུང་པའི་རིགས་ཤིག་ཡིན།སྒྲུང་པ་གཞན་ནས་བརྒྱུད་པའི་བཤད་རྒྱུན་ལ་བརྟེན་ནས་བཤད་པའམ་ཡང་ན་ཁྱིམ་ཚང་གཅིག་གི་ཕ་ཁུ་སྒྲུང་བཤད་མཁན་ཡིན་ན།བུ་བུ་མོའི་རྣ་ཐོས་སོང་ནས།བུ་བུ་མོའི་སྒྲུང་བཤད་ཤེས་པ་དང་།རྗེས་སུ་བུ་བུ་མོའི་བུ་རྒྱུད་ཀྱིས་སྒྲུང་བཤད་ཤེས།ཁྱིམ་རྒྱུད་སྒྲུང་མཁན་ཡིན་པས་དེའི་རིགས་ལ་བརྒྱུད་སྒྲུང་ཟེར་བ་རེད།
བསླབ་སྒྲུང་ཞེས་པ་སྒྲུང་ཡིག་གང་རུང་དང་ཡང་ན་གཞན་སྒྲུང་པས་བཤད་རྒྱུན་སོགས་ལ་བརྟེན་ནས་རང་གིས་ཉིན་མཚན་མེད་པར་བློ་སྦྱོང་བྱེད་ནས་སྒྲུང་བཤད་ཤེས་པ་དེ་སོགས་ལ་བསླབ་སྒྲུང་ཟེར་བ་རེད།
ཐོས་སྒྲུང་ཞེས་པ་ཡི་གེ་ཚིག་གཅིག་མི་ཤེས་པ་ཡིན་ནའང་།གཞན་གྱིས་སྒྲུང་བཤད་པ་རང་གིས་ཐོས་ནས་བློ་ལ་བསྐོར་ནས་ཡང་ཡང་ཉན་པས་ཡིད་འཇག་བྱེད་པ་དང་།སྒྲུང་པ་གཞན་གྱི་བཤད་རྒྱུན་ལ་བརྟེན་ནས།རང་གིས་སྒྲུང་བཤད་ཤེས་པ་ལ་ཐོས་སྒྲུང་ཟེར།
 ཁ་སྒྲུང་ཟེར་བ་གོ་ལོ་ཐོས་ལོ་ཙམ་ལ་བརྟེན་ནས་ཁ་ནང་ཅི་བུད་ཡིད་ལ་ཅི་ཤར་བྱེད་ནས།སྒྲུང་བཤད་མཁན་ཚོའི་སྒྲུང་ལ་མགོ་རྔ་མེད་པ་དང་།ཁུངས་ལུང་མེད་པ་སྤྲང་པོའི་ཟས་སློང་གི་གླུ་སྒྲུང་།འདིའི་རིགས་ལ་ཁ་སྒྲུང་ཟེར་ལ།གང་ལྟར་ན་གླིང་སྒྲུང་ཞེས་པ་ནི་རྒྱལ་ཕྱི་ནང་གི་མི་རིགས་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པའི་སྙན་རྩོམ་རིང་མོ་ཡིག་ཆ་ཚད་ལྡན་དེབ་བརྒྱ་ཕྲག་མང་པོ་ཡོད་པའི་སྙན་རྩོམ་འདི་ལྟ་བུ་ལ།སྒྲུང་པ་ཀུན་གྱི་ཚིག་མཐུན་ནའང་།དོན་ཕྱོགས་མཐུན་ཡིན་དགོས་པ་གལ་ཤིན་ཏུ་ཆེ་བ་ཡིན།སྒྲུང་པ་ཚོས་རང་གིས་དཔྱད་ནས་ངོས་འཛིན་གསལ་པོར་བྱེད་དེ།གེ་སར་ལ་ཞིབ་འཇུག་པ་ཚོས་སྒྲུང་མཁན་རྣམས་ལ་ཞིབ་འཇུག་དང་།གསོ་སྐྱོང་ལེགས་པོ་བྱེད་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་དང་སྒྲུང་ཡིག་སྐོར་ཡར་རྒྱས་སུ་འགྲོ་དགོས་པ་ནི་གལ་ཧ་ཅང་ཆེན་པོ་ཡིན་པ་འདྲ་ལགས།
 

  • ལེ་ཚན་སྔོན་མ།:དམངས་རྩོམ་གྱི་གོ་དོན་དང་རིན་ཐང་ལ་སྦྲེལ་ཏེ་གླིང་སྒྲུང་སྐོར་ལ་དཔྱད་པ།
  • ལེ་ཚན་རྗེས་མ།:གླིང་རྗེ་གེ་སར་རྒྱལ་པོའི་སྐོར་གྱི་དཔྱད་གཏམ།
  • དོ་སྣང་ཆེ་བའི་རྩོམ།