གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཡིག་ལས་གཏམ་དཔེའི་སྐོར་མདོར་ཙམ་གླེང་བ།

ཚོགས་གཉིས་ནས།    ཁམས་པའི་ཚགས་པར་ལས་དྲངས།    2010-08-25

གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཡིག་ལས་གཏམ་དཔེའི་སྐོར་མདོར་ཙམ་གླེང་བ།
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་མི་དམངས་ཀྱི་ངག་ཐོག་རྩོམ་རིག་རྨད་དུ་བྱུང་བ་ཞིག་ཡིན་ཞིང་།མེས་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་རིན་པོ་ཆེ་ཞིག་ཡིན་པར་མ་ཟད།རྒྱལ་སྤྱིའི་རིག་གནས་ཀྱི་བང་མཛོད་མཁའ་དབྱིབས་སུ་འོད་སྟོང་འཕྲོ་བའི་ནོར་བུ་བཞིན་དུ་གནས་ཡོད་ཅིང་།སྒྲུང་འདི་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་བོད་ལྗོངས་དང་།མཚོ་སྔོན།ཀན་སུའུ།སི་ཁྲོན་བཅས་ཡུལ་གྲུ་མཐའ་དག་ཏུ་དར་ཁྱབ་ཧ་ཅང་ཆེ་ཞིང་སྐྱེ་བོ་ཀུན་ཀྱིས་བཤད་པར་འདོད་པ་དང་ཉན་པར་སྤྲོ་བ།སྨུག་པོ་གདོང་གི་རྒྱུད་པ་གླིང་ཡུལ་གེ་སར་རྒྱལ་པོ་ཞེས་དགྲ་ཕྱོགས་རྡུང་བའི་ཐོ་བ་དང་།ཉམ་ཆུང་སྐྱོང་བའི་ཕ་མ།དམངས་དོན་སྒྲུབ་པའི་རྗེ་བོ་བཅས་ཀུན་གྱིས་གཙུག་གི་ནོར་བུ་བཞིན་གོང་དུ་བཀུར་བའི་ཇ་མ་དང་དཔའ་ཞིང་མཛངས་པའི་སྐྱེས་མཆོག་ཞིག་བརྩིས་ཀྱིན་ཡོད་དོ།དེའི་བརྗོད་བྱའི་ནང་དོན་ངོ་མཚར་ཆེ་ཞིང་ཡིད་དུ་འོང་བ།རྗོད་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་ཉམས་དང་ལྡན་པ་སོགས་དགེ་མཚན་བགྲང་ལས་འདས་པའི་སྒྲུང་དེར་ལོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་རེད།  གླིང་གེ་སར་རྒྱལ་པོའི་སྒྲུང་ནི་དམངས་ཁྲོད་ཀྱི་ལོ་རྒྱུས་རྩོམ་རིག་རིང་པོ་ཞིག་ཡིན་པས་དུས་ཡུན་ཧ་ཅང་རིང་པོ་ཞིག་ལ་དར་ཁྱབ་ཆེན་པོ་བྱུང་བའི་བོད་རིགས་མཐོ་སྒང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་དགེ་མཚན་དུ་མ་མཚོན་ཡོད་ཅིང་།ཁོར་ཡུག མི་སྣ།ལས་འགུལ་བཅས་བརྗོད་བྱ་གསོན་ཉམས་ལྡན་པ་ཞིག་མཚོན་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི།གནའ་མིའི་བོད་ཀྱི་གཏམ་དཔེར།གཏམ་དཔེ་མེད་བཤད་དཀའ།ཇ་ཚྭ་མེད་འཐུང་དཀའ།ཟེར་བ་དང་།ཆང་ཁ་ལ་ཞིམ་པོ་བདུད་རྩི་ཡིན།ཚིག་རྣ་བར་སྙན་པོ་གཏམ་དཔེ་ཡིན་ཞེས་གསུངས་བ་བཞིན་དུ་བརྗོད་དོན་ལེགས་པར་སྟོན་པའི་གཏམ་དཔེ་ཡིན་ཞེས་གསུངས་བ་བཞིན་དུ་བརྗོད་དོན་ལེགས་པར་སྟོན་པའི་གཏམ་དཔེ་ཡིན་ཞེས་གསུངས་བ་བཞིན་དུ་བརྗོད་དོན་ལེགས་པར་སྟོན་པའི་གཏམ་དཔེ་ཕུན་སུམ་ཚོགས་པ་དང་།རྣམ་པ་འདྲ་མིན་སྣ་ཚོགས་བགྲང་ལས་འདས་པ་བཀོད་ཡོད་པས་བོད་མི་རིགས་ཀྱི་གཏམ་དཔེའི་བང་མཛོད་ཆེན་མོ་ཞིག་ཡིན་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བར་ངོ་གནོང་ཅི་ཡང་མི་དགོས་པ་ཞིག་རེད།དེས་ན་རྒྱ་མཚོ་ནང་གི་ཆུ་ཐིགས་བཞིན་གླིང་སྒྲུང་གླེགས་བམ་ཕལ་ཆེར་ལས་གཏམ་དཔེའི་ཁྱད་ཆོས་དག་རགས་ཙམ་ཕྱོགས་བསྡུས་ནས་རང་གི་གོ་བ་ལོན་ཚུལ་ཙམ་བརྗོད་ཁུལ་བྱས་པ་སྟེ།།
  ཤར་རྒྱ་ནས་ཡོང་བའི་ཚོང་དཔོན་གཅིག བོད་རང་ས་བཟུང་བའི་གནས་མོ་གཉིས།སྔར་ངོ་ཤེས་ཐུག་རེས་མེད་ན་ཡང་།ཞག་གསུམ་གྱི་གནས་མགྲོན་འགྲོ་ལུགས་ཡོད།ཅེས་དང་།མི་བརྒྱ་ཁ་སེམས་མཉམ་ན།རྟ་བརྒྱ་འགྲོས་གཅིག་ཡོང་བ།ཞེས་དང་།ཉི་མ་ཁེ་ཤར་གཟའ་དང་ཐུག ཟླ་བ་གཅིག་འབྱོན་མར་ངོས་སྒྲིབ།སྐར་ཚོགས་དཔུང་འགྲོས་འགྱུར་བ་མེད།ཅེས་དང་།སྐྱིད་ན་རྟ་ཁ་མཉམ་གཤིབ་བྱེད།སྡུག་ན་ཁུར་པོ་མཉམ་ཁུར་བྱེད།ཤི་ན་སྲོག་དམར་མཉམ་ཆད་བྱེད་ཅེས་པ་ལྟར་ན་རང་ཕྱོགས་དང་གཞན་ཕྱོགས།མི་རིགས་དང་མི་རིགས།རྗེ་དཔོན་དང་ཆབ་འབངས་བཅས་ཡུལ་མི་གཅིག་པ།མི་མི་གཅིག་པ།རིགས་མི་གཅིག་པ།རུས་མི་གཅིག་པ་སོགས་ཐུན་མོང་གི་ཕུགས་རེའམ་ལས་འགན་ལེགས་འགྲུབ་བྱེད་ཆེད་ནུས་ཤུགས་གཅིག་སྡུད་ཀྱི་མཉམ་དུ་སྒྲིལ་བ་ཕན་ཚུན་མཛའ་བཅུགས་ཀྱི་རྣམ་པ་མཚོན་པས་སོ།།   སེམས་ཆུང་སྡུག་གི་མ་གང་དང་།རི་ཆེན་པོ་ཆུ་ཡིས་ཁྱེར་བ་མིན།ཐང་ཆེན་པོ་རླུང་གིས་ཁྱེར་བ་མིན།འབྲོང་བྲེ་སེར་ཁལ་འགེལ་ཡོང་བ་མིན།སྟག་དམར་ཡག་སྒོ་ཁྱི་ཉན་པ་མིན་ཞེས་དང་རང་སྡེ་མི་ལ་མ་ཤོར།མི་སྡེ་རང་གིས་མ་བཅད་ཅེས་དང་།མི་ལུས་བྱུང་བ་ལན་གཅིག་ལ། གཏམ་ངན་ཕྱིར་བཞག་ཨ་དགོས་ཆུང་ཞེས་པ་དང་།དབོན་ཇུས་ཚོད་མ་ཟིན་ན།མངའ་ཐང་མི་ལ་ཤོར་ཉེན་འོང་།ཕྱུག་པོ་སྡོད་ལུགས་མ་མཁས་ན།རང་སྨ་རང་གིས་ཕབ་ལེ་འོང་ཞེས་པ།དོན་མེད་དམ་ཚིག་བཅག་མི་རུང་།མ་ཕན་མེད་ཕོ་ཚོད་བཤད་དོན་མེད།ཅེས་དང་།གཏམ་དོན་ཆེན་མིན་ན་ཁ་ནས་མི་ཕུད།ལས་མཐའ་ཡོད་མིན་ན་བློ་ཡིས་མི་བཅད་ཅེས་དང་གྱོད་དང་གཞུ་མོ་འཁྱོག་ན་བཟང་།གཏམ་དང་མདའ་མོ་དྲང་ན་བཟང་།ཞེས་གཏམ་དཔེ་འདི་རིགས་བརྗོད་དོན་གཙོ་བོ་ནི་སྐབས་སུ་བབ་པའི་གནད་དོན་དེ་དག་ལ་ཐག་གཅོད་ཀྱི་ཞལ་ཏ་བསླབ་བྱ་བྱེད་པའི་གནས་ལུགས་ཤ་སྟག་མཚོན་པར་སྙམ།  སེམས་རྩ་ནག་པོ་བདུད་ལ་བྱས།ངོ་སོ་དཀར་པོ་ལྷ་གཏམ་གླིང་།སྣོད་མཆོག་དཀར་ཡོལ་འབྲས་ཤེལ་བཟུང་།ནང་བཅུད་བཙན་དུག་ཆང་དང་སྦྱར།ཞེས་དང་།ཤིག་ཆུང་སྟེང་ལ་སྟ་རེ་གཅིག སྦྲང་བུའི་ཐོག་ལ་དུག་མདའ་གཉིས།མོ་སྨན་ཐུབ་པའི་དཔའ་རྟགས་གསུམ།
  ངོམས་ན་མི་ཡི་ཁྲེལ་ཁ་ཡོད་ཅེས་དང་།ར་རྒན་རྒྱ་བོའི་ཨག་ཚོམ་དེས།དཀར་ཡག་སེང་གེའི་གཡུ་རལ་འགྲན།ཁྱི་ནག་དོམ་བུའི་ངུ་ཟུག་དེས།གཡུ་འབྲུག་སྔོན་མོའི་སྐད་ལ་འགྲན་ཞེས་དང་།བློན་ངན་པས་བདག་པོ་དགྲ་ལ་སྤྲོད།སྨན་ངག་པས་ཚེ་རོགས་འདྲེ་ལ་སྦྱིན།ཁྱི་ངན་པས་བདག་པོའི་ཉྭ་ཡུ་འཇུ་ཞེས་དང་།ཕ་མེད་ན་ཨ་ཁུས་མི་གཅེས།མ་མེད་ན་སྲུ་མོས་མི་བྱམས་ཞེས་པ་སོགས་མ་རུངས་སྤྱོད་ངན་དག་ལ་ཟུར་ཟ་འཕུ་སྨོན་བྱེད་པའི་སྐོར་མཚོན་བྱེད་ཡིན་པ་རེད།
  བསམ་བློ་སྔར་གཏོང་མཁས་པ་ཟེར།འགྱོད་པ་འཕྱིས་ན་བླུན་པོ་ཟེར།ཞེས་དང་།ཤིང་ཡར་སྐྱེས་ནང་གི་ཙན་དན་རེད།ཆུ་མར་འབབ་ནང་གི་བདུད་རྩི་རེད།བྱ་འདབ་ཆགས་ནང་གི་ཁྱུང་ཆེན་རེད་ཅེས་དང་།མི་ལ་ཡོད་ན་སྨོན་རྒྱུ།རང་ལ་ཡོད་ན་ངོམ་རྒྱུ་ཞེས་དང་།སྐྱབས་གླིང་རྗེ་མིན་པ་ཞུས་མེད།བློ་གེ་སར་མིན་པ་གཏོད་ས་མེད་ཅེས་པ་སོགས་ནི་ཡ་རབས་བཟང་པོར་བསྟོད་ར་བསྔགས་བརྗོད་གཏོང་བའི་སྐོར་མཚོན་བྱེད་ཡིན་པ་རེད།  ཤི་ཟེར་བ་དབུ་ནག་མི་ལ་དར།བྲོས་ཟེར་བ་གཏམ་ངན་ཚེ་ལ་བཞག་ཅེས་དང་།བྱ་རྨ་བྱ་ཤི་རུང་སྒྲོ་མདངས་གསལ།གསེར་སེར་པོ་བསྲེགས་ཀྱང་ཁ་དོག་ལེགས་ཞེས་དང་།དགྲ་མི་ཐུབ་འཛུམ་བསུ་བྱེད་པ་ལས།མགོ་ཁྲག་རལ་ཉིལ་ལེ་ཤི་ན་དགའ་ཞེས་པ་སོགས་ནི་སྡར་མའི་ལས་དང་བྲལ་ཏེ་སྐྱེས་པ་ཕོ་ལ་དཔའ་དང་སྙིང་སྟོབས་ཡོད་དགོས་པའི་སྐོར་མཚོན་བྱེད་ཡིན་པ་ལགས།  བྱ་སྔ་མ་ཤི་བའི་སྒྲོ་ལ་ལྟོས།ཕྱི་མ་དེ་ལས་འགྲོ་ས་མེད་ཅེས་དང་།རྩྭ་སྨན་དང་དུག་གཉིས་མ་བསྲེ།མི་གཉེན་དང་དགྲ་གཉིས་མ་ནོར་ཞེས་དང་།ཤ་ལན་མེད་ན་ཤི་བོ།ཟས་ལན་མེད་ན་ཁྲམ་པ་ཞེས་པ་སོགས་ནི་དགྲ་གྲོགས་ཀྱི་དབྱེ་བ་མ་འདྲེས་པར་གསལ་བོ་འབྱེད་ནས་རང་སྡེ་སྐྱོང་ཞིང་དགྲ་ལན་སློག་དགོས་པའི་སྐོར་མཚོན་བྱེད་ཡིན་པས་སོ།  སྐར་ཕྲན་རང་འོད་བཀྲ་འདོད་ཀྱང་།གླིང་བཞིའི་མུན་པ་ཉི་མས་སེལ་ཞེས་དང་།སྐྱེས་པ་ཕོ་ཡི་དགྲ་ལན་དེ།ལོ་དགུ་སོང་ཡང་ཕྱི་ལེ་མིན།ཟ་མ་མོ་ཡི་ཟས་ལན་དེ།ཞག་གསུམ་སོང་ཡང་ཕྱི་ལེ་ཡིན་ཞེས་དང་།གཏམ་ཁ་ནས་ཤོར་ན་ཕྱི་ལོག་མེད།མདའ་ལག་ནས་ཤོར་ན་ཕྱིར་འཐེན་མེད།མི་རྒན་ཚིག་ལ་ཉན་མི་དང་།རྟ་རྒན་འགྲོས་ལ་སྨོན་མི་དཀོན་ཞེས་པ་སོགས་ནི་རང་གཤིས་སམ་རང་བཞིན་གནས་ལུགས་གཙོ་བོར་སྟོན་པའི་སྐོར་སོགས་བརྗོད་བྱའི་དོན་དུ་མར་དཔེ་ཡང་བགྲང་ལས་འདས་པ་ཞིག་ཡོད་པས་ཐམས་ཅད་བརྗོད་ཀྱིས་མི་ལངས་སོ།གཏམ་དཔེ་དེ་དག་གི་རྗོད་བྱེད་ཚིག་རྐང་དང་ཚེག་བར་ལ་གཅིག་ཏུ་མ་ངེས་བར་ཚེག་བར་བཞི་ཡན་གྱི་དུ་མ་ཡོད་པ་དང་ཚིག་རྐང་གཅིག་དང་གཉིས་གསུམ་བཞི་ལྔ་སོགས་རིགས་མི་གཅིག་པ་དེ་དག་ལ་བརྟེན་ནས་ཚིག་བསྡུས་ཤིང་སྤྱོད་བདེ་བ།དོན་གསལ་ཞིང་གོ་སླ་བ།དཔལ་དང་ངོ་མཚར་གྱིས་བརྒྱན་པ།མི་རིགས་ཀྱི་ཁྱད་ཆོས་མཚོན་ནུས་པ་བཅས་ལེགས་པའི་ཆ་ཀུན་འཛོམས་པས་བརྗོད་དོན་གང་རུང་དངོས་སུ་མིག་སྔར་མངོན་སུམ་སྣང་བ་ལྟར་དགེ་མཚན་ཡོངས་སུ་གཏམས་པའི་བང་མཛོད་ཞིག་ཡིན་ནོ།  འདིར་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཧ་ཅང་དབུལ་བའི་བླུན་རྒན་བདག་འདྲའི་རྩོམ་ཡིག་བཀོད་པར་ནོར་སྐྱོན་དུ་མ་མཆིས་ཡང་ཤེས་ལྡན་དག་གིས་ཐུགས་ཁྲོ་བའི་རྒྱུ་རུ་མ་གྱུར་བ་བཀའ་དྲིན་བླ་ན་མེད་པ་ཆེ་ཞུ།ཡང་རང་ཉིད་གེ་སར་སྒྲུང་ལ་དགའ་ཞེན་ལྷག་མེད་ཞིག་ཡོད་ཕྱིར།ད་ལྟར་རང་ཅག་བོད་ཀྱི་ཡུལ་དུ་གེ་སར་རྒྱལ་པོ་བྱུང་ནས་བགྲང་བྱ་ཆིག་སྟོང་འཁོར་བ་དང་བཀྲ་ཤིས་བདེ་ལེགས་ཀྱི་བརྟེན་འབྲེལ་ཞུ་བའི་ལེགས་སྐྱེས་དང་།རིན་ཐང་གཞལ་དུ་མེད་པའི་རྩོམ་རིག་སྒྱུ་རྩལ་དང་མི་རིགས་ཀྱི་དཔའ་བོའི་མཛད་རྗེས་འདི་དག་མ་འོངས་བསྐལ་བརྒྱར་གནས་པའི་སྨོན་འདུད་དང་བཅས་ཏེ་ཕུལ་ལོ།
  • ལེ་ཚན་སྔོན་མ།:གླིང་རྗེ་གེ་སར་རྒྱལ་པོའི་སྐོར་གྱི་དཔྱད་གཏམ།
  • ལེ་ཚན་རྗེས་མ།:རང་ཡུལ་དུ་གླིང་སེང་ཆེན་གྱི་ངག་སྒྲོས་ཡོད་མེད་སྐོར་ཅུང་ཙམ་བཤད་པ།
  • དོ་སྣང་ཆེ་བའི་རྩོམ།