སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཐེངས་བཞི་པ་དར་མདོ་རུ་གཟབ་རྒྱས་ངང་འཚོགས།

མིག་དམར་དང་བདེ་ཆེན་གྱིས།        2011-01-11

 དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས།
     ཟླ་བ་དང་པོའི་ཚེས10ཉིན་གྱི་སྔ་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོའི་ཟློས་གར་ཁང་དུ་འཚོགས་པ་རེད།
     ཐེངས་འདིའི་གྲོས་ཚོགས་ཐོག་གྲོས་ཚོགས་ཀྱི་བརྒྱུད་རིམ་འཆར་ཟིན་བརྡས་ཐག་བཅད་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འདེམས་སྒྲུག་བྱས་པ། ཀྲུའུ་ཞི་ཚོགས་པས་མིང་འདོན་པར་བརྩིས་ཏེ་འཐུས་མི་ཚོགས་པ་སོ་སོར་གྲོས་མོལ་བྱ་རྒྱུ་སྤྲད་པ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་བ་གཞོན་པ་གཏན་འཁེལ་བྱས་པ་རེད། གྲོས་གཞིའི་གཏན་འབེབས་ཀྱི་འཆར་ཟིན་སྐོར་གྱི་ཆོད་དོན་དང་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་རྒྱུའི་དུས་ཚོད་གཏན་འཁེལ་བྱས་པ་རེད། (མིག་དམར་དང་བདེ་ཆེན་གྱིས་བྲིས།)

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པས་གྲ་སྒྲིག་ཚོགས་འདུ་འཚོགས།
     ཟླ་བ་དང་པོའི་ཚེས10ཉིན་གྱི་སྔ་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པས་གྲ་སྒྲིག་ཚོགས་འདུ་དེ་དར་མདོ་ཟློས་གར་ཁང་དུ་འཚོགས་པ་རེད།
     ཐེངས་འདིའི་གྲོས་ཚོགས་ནང་ཞུགས་དགོས་པའི་འཐུས་མི283ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི238ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
     གྲོས་ཚོགས་ཀྱིས་དཀར་མཛེས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ་འཆར་ཟིན་བརྡས་ཐག་བཅད་པ་དང་། གྲོས་ཚོགས་ཀྱི་བརྒྱུད་རིམ་བརྡས་ཐག་བཅད་པ་རེད། ཧོ་ཐའོ་ཡིས་ལས་ཀའི་སྙན་སེང་ཞུས་པ་དང་། ཀྲོའུ་ཏུང་ཞིའུ་ཡིས་ཚོགས་ཆེན་གྱི་གཙོ་འགན་བཞེས། གོ་ཁྲང་ཕིང་གིས་གྲོས་གཞི་ལས་དོན་སྒྲུབ་ཚུལ་སྙན་སེང་ཞུས་པ།
     ཟླ་བ་དང་པོའི་ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་ཐོག་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཚོགས་ཐེངས་བཞི་པ་དར་མདོ་རུ་གཟབ་རྒྱས་ངང་འཚོགས།
     ཐེངས་འདིའི་ཚོགས་ཆེན་ནང་ཞུགས་དགོས་པའི་ཨུ་ཡོན286ཡིན་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན237ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ།
     ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་དང་། ལི་ཁྲང་ཕིང་། ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཨ་རྒྱས་ཕུན་ཚོགས་དང་། ལིའུ་ཁྲང་ཙེ། ཧོ་ཐའོ། སྐལ་བློ། རྒྱལ་བསྟན་བློ་བཟང་བྱམས་པ། ཀྲོའུ་ཏུང་ཞིའུ ་སོགས་ཚོགས་ཆེན་ནང་ཞུགས་ཡོད།
     གྲོས་ཚོགས་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་ཅིང་། སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་སྙན་ཞུ་ཉན་འཇོག་གནང་བ། སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ་ཉན་འཇོག་གནང་བ།
     དང་ཐོག་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཐའོ་ཡིས་ཚོགས་ཆེན་ལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་གྱི་ལས་ཀའི་སྙན་སེང་ཞུས་པ། ཁོང་གི་གསུངས་དོན། 2010ལོ་ནི་ཁུལ་སྲིད་གྲོས་དབུ་བཪྙེས་ནས་ལོ60འཁོར་བ་ཡིན་ལ། རང་ཁུལ་གྱི་མི་དམངས་སྲིད་གྲོས་ཀྱི་ལས་ཀ་དེ་བས་དར་འཕེལ་ཆེན་པོ་ཡོང་བ་དང་། བྱས་རྗེས་དེ་བས་མངོན་གསལ་དོད་པོ་ཐོབ་པའི་ལོ་ཞིག་ཀྱང་ཡིན།     ལོ་གཅིག་རིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུས་བློ་བརྟན་འགྱུར་མེད་ཀྱིས་འགོ་ཁྲིད་བྱས་པ་དང་ཞིང་ཆེན་སྲིད་གྲོས་ཀྱིས་ཁྲིད་སྟོན་གནང་འོག ང་ཚོས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་གཉིས་མཐོན་པོར་བསྒྲེངས་ཏེ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་བློར་བརྟན་པོ་ངེས་ཡོད། ཀྲུང་གུང་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཡོད། ཞིང་ཆེན་ཏང་ཨུའི་སྐབས་དགུ་པའི་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པ། ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་བཅུ་པའི་སྤྱི་ཁོག་གི་བཀོད་སྒྲིག་ལྟར། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ་”གྱི་གལ་འགངས་ཆེ་བའི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུའི་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཡོད། འབྲེལ་བ་མཐུན་སྦྱོར་བྱ་རྒྱུ་དང་། སྟོབས་ཤུགས་གཅིས་བསྡུས། གྲོས་གཞི་ཕུལ་བ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ནས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་རྒལ་འཕེལ་རྒྱས་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།
     འདས་ཟིན་པའི་ལོ་གཅིག་ནང་ཁུལ་སྲིད་གྲོས་ཀྱིས་ལས་རིགས་ཁག་གི་མི་སྣའི་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཨུ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཡོད་ཅིང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་། གོ་སྐབས་ཀྱི་འདུ་ཤེས། སྐྱིད་སྡུག་གི་འདུ་ཤེས། འཕེལ་རྒྱས་གཏོང་རྒྱུའི་འདུ་ཤེས་བཅས་མཐོ་རུ་ཏན་ཏིག་བཏང་ནས་ཐོག་མཐའ་བར་གསུམ་དུ་ཁུལ་ཨུ་དང་སེམས་གཅིག་དང་། དམིགས་འབེན་ཐོག་གཅིག་པ། ལས་སྒྲུབ་ཐོག་གོམ་པ་མཉམ་སྤོ་བྱས་ཡོད་པ་དང་། ཁུལ་སྲིད་གྲོས་ཀྱིས་ཁུལ་ཡོངས་ཀྱི་ལས་ཀའི་སྤྱི་ཁོག་གི་དམིགས་ཡུལ་དང་ལས་སྒྲུབ་བྱེད་སྟངས་བློར་བརྟན་པོ་ངེས་ཤིང་། ཁུལ་ཡོངས་ཀྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་འགན་ནུས་ལག་ལེན་བསྟར་བའི་ལས་འགན་གཙོ་བོ་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་མགྱོ གས་ཙམ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།
     དེ་རྗེས་ཧའོ་ཐའོ་ཡིས2011ལོའི་སྲིད་གྲོས་ལས་ཀར་གྲོས་གཞི་བཏོན་གནང་བ། 2011ལོར་ཁུལ་སྲིད་གྲོས་ཀྱིས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་ངོས་འཛིན་བྱ་རྒྱུ་མཐོར་འདེགས་བཏང་ནས་ཟམ་མི་ཆད་པར་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་གཏོང་དགོས། ལྟེ་བར་དམིགས་ཤིང་སྤྱི་ཁྱོན་ལ་ཞབས་འདེགས་ཞུས་ནས་མཆོང་རྒལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་དམིགས་ཡུལ་སྐོར་ནས་ལས་འགན་སྒྲུབ་དགོས། དམངས་བློ་མཚོན་ནས་དམངས་འཚོ་དོ་སྣང་བྱས་ནས་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་གང་ཐུབ་བྱེད་དགོས། ཟམ་མི་ཆད་པར་ཨུ་ཡོན་རྣམས་ཀྱིས་མང་ཚོགས་ལ་འབྲེལ་བ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་དུས་ཐོག་ཏུ་མང་ཚོགས་ཀྱི་རེ་འབོད་དང་བླང་བྱ་མཚོན་པ་བྱེད་དགོས། སྔར་ལས་ལྷག་པར་དྲིལ་བསྒྲགས་ལས་ཀར་ཤུགས་སྣོན་རྒྱག་དགོས། དུས་བསྟུན་མདུན་སྐྱོད་དང་རྨང་གཞི་སྲ་བརྟན་བཏང་ནས་ཟམ་མི་ཆད་པར་སྲིད་གྲོས་རྒྱུན་ལས་ཨུ་ཡོན་གྱི་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བྱེད་དགོས། ཤུགས་ཆེན་པོས་སྲིད་གྲོས་ཨུ་ཡོན་གྱི་དཔུང་སྡེ་བསྐྲུན་རྒྱུ་དམ་འཛིན་བྱེད་དགོས། སྲིད་གྲོས་ལས་ཁུངས་བསྐྲུན་རྒྱུ་ཡག་པོ་འཛིན་དགོས།
     རྟིང་མར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གོ་ཁྲང་ཕིང་གིས་ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་སྐབས་བཅུ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞི་ལས་ཀ་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་ཞུས་ཡོད།
     ཁུལ་གྱི་ཚོ་པ་བཞི་པོ་བཞི་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་། དར་མདོ་རུ་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་སོགས་ཀྱི་འགན་ཁུར་པ་རྣམས་གདན་འདྲེན་ཞུ་བ་ལྟར་ཐེངས་འདིའི་ཚོགས་ཆེན་ནང་བཞུགས་ཡོད།
     ངེས་གསར་འགོད་པ་གངས་སྐྱིད་དང་ཡེ་མགོན་ནས།
 
  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་དར་མདོ
  • ལེ་ཚན་རྗེས་མ།:སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས14པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།