སྐད་ཀྱི་སྒྲ་གདངས་འབྲིང་བ་ཡི། །བུད་མེད་གླུ་མའི་མགྲིན་ངག་སྙན། ། ༼བོད་ཀྱི་གླུ་མ་འཇམ་དབྱངས་སྒྲོལ་མའི་སྐོར།༽

ཨོ་རྒྱན་དང་བདེ་ཆེན།        2014-06-03

  སྐད་ཀྱི་སྒྲ་གདངས་འབྲིང་བ་ཡི། །བུད་མེད་གླུ་མའི་མགྲིན་ངག་སྙན། ། ༼བོད་ཀྱི་གླུ་མ་འཇམ་དབྱངས་སྒྲོལ་མའི་སྐོར།༽

བོད་ཀྱི་མིང་དུ་གྲགས་པའི་གླུ་མ་འཇམ་དབྱངས་སྒྲོལ་མ་ནི་སྤྱི་ལོ༡༩༨༤ལོར་ཁམས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་ཉེ་འདབས་ཀྱི་ཞིང་པ་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་ཚེ་སྲོག་གི་མྱུ་གུ་གསར་དུ་འབུས།ཆུང་དུས་ནས་དམངས་ཁྲོད་ཀྱི་གླུ་གཞས་ལ་ཐུན་མིན་གྱི་དུངས་ཞེན་ཞིག་ལྡན་པ་མ་ཟད་མགྲིན་པའི་སྐད་ངག་ནས་གླུ་སྙན་མོ་ངག་ལ་གྱེར་རྒྱུའི་ལྷན་སྐྱེས་ཀྱི་མགྲིན་ངག་ཅིག་ཀྱང་མཆིས།དྲིན་ཕ་མའི་བཀའ་དྲིན་གྱིས་ཆུང་ནས་སློབ་གྲྭ་རིག་པའི་སྒོ་མོར་ཞུགས་ཏེ་རྒྱ་ཡིག་དང་བོད་ཡིགགྲངས་རིག་སོགས་ལ་སྦྱོང་བ་བྱེད་རྒྱུའི་གོ་སྐབས་ཐོབ།གཞོན་ནུའི་ལང་ཚོ་དར་ལ་བབས་པའི་ལོ་ཞིག་སྟེ་རང་ལོ་ཉི་ཤུར་བསླེབས་པའི་ལོ་དེར་གོ་སྐབས་གསར་བ་ཞིག་ཐོབ་པ་ནི།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་གླུ་གར་ཁང་གིས་གླུ་གར་མི་སྣ་བསྡུ་རྒྱུའི་བརྡ་ཐོ་འབྱོར་བ་དེ་རེད།ཁོ་མོས་ད་ཐེངས་ཀྱི་གོ་སྐབས་འདི་འཕྲོ་བརླག་ཏུ་བཏང་མི་རིགས་པ་དྲན་ནས་དེ་བཞིན་སྦྱོང་བ་བྱས་ཏེ་ཁུལ་གླུ་གར་ཁང་གི་རྒྱུགས་སྤྲོད་ཀྱི་ལམ་ལུགས་ལ་ཞུགས་ཏེ་བདེ་བླགས་ངང་ཁུལ་གླུ་གར་ཁང་དུ་རྒྱུགས་འཕྲོད།དེ་ནི་དྲིན་ཆེན་ཕ་མ་གཉིས་དང་ཁྱིམ་མི་ཡོངས་ཀྱི་རེ་བའི་རྨི་ལམ་མངོན་འགྱུར་བྱུང་བ་མ་ཟད།ཁོ་མོར་མཚོན་ན་དེ་ལས་ཀྱང་དགའ་འོས་ཤིང་།རང་ཉིད་མི་ཚེའི་གོམ་སྟབས་གླུ་དབྱངས་སྒྱུ་རྩལ་གྱི་ལམ་དུ་ཐོག་མར་སྤོས་ཐུབ་པ་བྱུང་བ་ཡིན།ཁུལ་གླུ་གར་ཁང་དུ་དུས་ཚོད་རང་དགར་ཆུད་ཟོས་སུ་མ་བཏང་བར་རོལ་དབྱངས་སྒྱུ་རྩལ་ལ་འབད་པ་དང་སྡུག་རུས་ཀྱིས་སྦྱོང་བ་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པས་གླུ་གར་སྒྱུ་རྩལ་གྱི་དབྱིངས་རིམ་ནས་ནམ་འཕང་གཅད་རྒྱུའི་འགོ་བརྩམས།
    སྤྱི་ལོ༢༠༠༣ལོར་སི་ཁྲོན་རོལ་དབྱངས་སློབ་ཆེན་གྱིས་སློབ་མ་བསྡུ་བའི་རྒྱུགས་ལ་ཞུགས་ཏེ་ཕུལ་བྱུང་གི་རྒྱུགས་འབྲས་ཀྱིས་སི་ཁྲོན་རོལ་དབྱངས་སློབ་གླིང་དུ་རྒྱུགས་འཕྲོད།སློབ་གླིང་དེ་ག་ནས་སྒྱུ་རྩལ་ལས་རིགས་ཀྱི་དགེ་རྒན་གང་མང་བསྟེན་ཏེ་དེང་རབས་གླུ་གར་སྒྱུ་རྩལ་གྱི་སྐོར་ལ་ཤེས་རྟོགས་ཟབ་མོ་བྱུང་།དེའི་རིང་གླུ་གར་འཁྲབ་སྟོན་གང་མང་ནང་ཞུགས་ཏེ་༼གངས་ལྗོངས་ཀྱི་གླིང་གེ་སར་རྒྱལ་པོ༽དང་༼ཁ་བཏགས་དམར་པོ༽ཞེས་པའི་ཞབས་བྲོ་གཉིས་སྔ་རྗེས་སུ་ཁམས་པའི་སྒྱུ་རྩལ་དུས་ཆེན་དུ་ཁྱད་འཕགས་ཅན་གྱི་བྱ་དགའ་ཐོབ་པ་མ་ཟད།སི་ཁྲོན་ཞིང་ཆེན་ཟློས་གར་སྐོར་གྱི་རྣམ་གྲངས་གསར་པའི་ཕུལ་བྱུང་འཁྲབ་སྟོན་པའི་བྱ་དགའ་ཐོབ།2005ལོར་སློབ་མཐར་ཕྱིན་རྗེས།ཁོ་མོ་ཡང་བསྐྱར༼མཛེས་སྡུག་ལྡན་པའི་ཁམས་པ༽ཞེས་པའི་བྲོ་གར་འཁྲབ་སྟོན་དུ་ཞུགས།བྲོ་གར་འཁྲབ་སྟོན་འདི་ལ་སི་ཁྲོན་ཞིང་ཆེན་གྱི་སྐབས་ལྔ་པའི་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་གྱི་གླུ་དབྱངས་འཁྲབ་སྟོན་ཁྲོད་དུ་བྱ་དགའ་ཨང་དང་པོ་ཐོབ།2006ལོར་སྐབས་གསུམ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་འཛོམས་འཁྲབ་སྟོན་དུ་ཞུགས་ཏེ་ཁེར་གླུ་ཞིག་དབྱངས་ལ་གྱེར་པས་སྐབས་དེའི་འཁྲབ་སྟོན་ཁྲོད་དུ་གསེར་གྱི་རྟགས་མའི་བྱ་དགའ་བླངས་པས་གླུ་མ་འཇམ་དབྱངས་སྒྲོལ་མའི་ཞེས་པའི་གླུ་གར་ལ་དུངས་བའི་གཞོན་ནུ་མ་ཞིག་གི་མིང་དང་ལང་ཚོ་ཡང་རྒྱལ་ཡོངས་གླུ་གར་གྱི་སྟེགས་བུ་ནས་རིམ་བཞིན་ཀུན་ལ་རྒྱུས་མངའ་ཅན་ཞིག་ཏུ་གྱུར།།
    གླུ་དབྱངས་སྒྱུ་རྩལ་གྱི་བགྲོད་ལམ་དུ་བརྩོན་འགྲུས་ཀྱི་དམ་ཚིག་མ་ལྷོད་པར།2008ལོར་རོལ་དབྱངས་སྡེབ་སྒྲིག་པ་གྲགས་ཅན་དགེ་རྒན་ཨ་ཅིན་གྱིས་རོགས་འདེགས་ལས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་རྒྱལ་ཁབ་གཙོ་གནད་རོལ་དབྱངས་པར་བསྐྲུན་འཆར་འགོད་ཚབ་བྱས་ནས༼ཀྲུང་གོའི་ནུབ་ཕྱོགས་རོལ་དབྱངས་ཀྱི་སྐད་གདངས༽ཞེས་པ་པར་དུ་བསྐྲུན་པ་དང་།མུ་མཐུད་དུ༼རི་འདི།ཆུ་འདི༽།༼ཤར་ཕྱོགས་མོ་བཟའ་རྒྱལ་མོ༽ཞེས་པ་སོགས་ཀྱི་ཆེད་སྒྲིག་ཟེར་སྡེར་དང་།༼བཀྲ་ཤིས་པའི་མཆོད་མེ།༽།༼ཕ་མ་རིགས་བཟང་བུ་སྲིང་།༽སོགས་ཀྱི་སྙན་དབྱངས་གང་མང་ཉན་པོ་ཀུན་གྱི་ཐོས་འཛིན་རྣ་བའི་དཔལ་དུ་བཀྲམ་པས།གླུ་དབྱངས་སྒྱུ་རྩལ་གྱི་ཆེད་ལས་པ་མང་པོས་གླུ་དབྱངས་དེ་དག་ནི་མོ་རང་ཉིད་ཀྱི་ལྷན་སྐྱེས་སྐད་ངག་གི་སྒྲ་གདངས་འབྲིང་པོའི་ཁྱད་ཆོས་དངོས་སུ་མཚོན་ཐུབ་པ་འདུག་ཅེས་མགྲིན་གཅིག་ཏུ་བསྟོད་པའི་མཐེ་བོང་བསྒྲེངས།2009ལོའི་གནམ་ལོ་གསར་བར་ཡང་བསྐྱར༼གསེར་མདོག་གི་འབོད་སྒྲ༽ཞེས་པའི་ཆེད་སྒྲིག་ཟེར་སྡེར་ཞིག་འགྲེམ་སྤེལ་བྱས་པ་དང་།ལོ་དེར་པེ་ཅིང་དུ་མི་རིགས་གླུ་པ་འགྲན་བསྡུར་ཆེན་མོ་རུ་ཞུགས་ཏེ་གླུ་གར་འཁྲབ་སྟོན་བྱས་པས།བོད་ལྗོངས་དམག་ཁུལ་རིག་རྩལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཝུའུ་ཅིང་སུང་གིས་ཁོ་མོའི་ལྷན་སྐྱེས་ཀྱི་སྐད་ངག་དང་གླུ་གར་འཁྲབ་སྟོན་གྱི་བྱང་ཚད་སོགས་ལ་གདེངས་འཇོག་དང་མཐོང་ཆེན་བྱས་ཏེ།ཐད་གར་ལས་གནས་སྤོར་ཏེ་བོད་ལྗོངས་དམག་ཁུལ་དུ་ཡོང་དགོས་པའི་མངག་བཅོལ་མཛད།ཁོ་མོ་ཡང་དེ་བཞིན་དང་ལེན་བྱས་ཏེ་ལོ་དེའི་སྤྱི་ཟླ་བཞི་པར་བོད་ལྗོངས་དམག་ཁུལ་རིག་རྩལ་ཚོགས་པར་ཞུགས།
    རང་ཡུལ་རྒྱབ་ཏུ་བསྐྱར་གཞན་ཡུལ་པང་དུ་བླངས་ཏེ་བོད་ལྗོངས་ལྷ་ས་ནས་ཁོ་མོར་འཚོ་བ་དང་སློབ་སྦྱོང་།སྦྱོང་བརྡར་སོགས་ལ་ཁྱོན་ཡོངས་ནས་དྲན་མི་ཕོད་ལྟ་བུ་ཡིས་དཀའ་ཁག་གང་མང་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་བ་དང་།ཐ་ན་ས་བབས་ཀྱི་དབང་གིས་མཁའ་དབུགས་ཡང་མི་འདང་བ་སོགས་དཀའ་སྡུག་གང་མང་གིས་མནར་ནའང་།ཁོ་མོས་དེ་དག་དཀའ་བ་དང་དུ་བླངས་ངལ་བ་ཁྱད་དུ་བསད་དེ་༼བརྩོན་འགྲུས་ཅན་གྱིས་ལྕགས་དབྱུག་ཁབ་ཏུ་བརྡར༽བའི་དཔེ་བཞིན་དཀའ་སྡུག་གང་མང་མིག་ཆུ་དང་མཉམ་དུ་རང་ཉིད་མདུན་སྐྱོད་ཀྱི་གོམ་སྟབས་སུ་བསྒྱུར་ནས་སྦྱོང་བརྡར་བྱས་ཤིང་།རང་ཉིད་ཀྱི་འཇོན་པའི་སྐད་ངག་གིས་དམག་ཁུལ་གང་མང་ནས་གླུ་གར་འཁྲབ་སྟོན་བྱས་པས་ཁོ་མོའི་མིང་གི་སྙན་པའང་སྔར་ལས་རྒྱས།
    ལོ་རབས་བརྒྱད་ཅུ་པའི་དམག་མི་གསར་བའི་གྲས་སུ་ཁོ་མོ་ནི་ནུས་པ་དང་འཇོན་ཐང་གཟེངས་སུ་ཐོན་ཏེ་གླུ་དབྱངས་གསར་གཏོད་དང་།གདངས་དབྱངས་ལ་སྒེར་ཚུགས་དང་རང་སྐྱ་ཐུབ་པས་དུས་རྒྱུན་དབྱངས་ཚིག་རྩོམ་པ་པོ་དང་འཁྲབ་ཁྲིད་པ་སོགས་ཀྱིས་རམ་འདེགས་དང་མཛུབ་སྟོན་གལ་ཆེན་ཐོབ།སྐབས་དགུ་པའི་དམག་ཡོངས་ཀྱི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་སྐབས་སུ།བོད་ལྗོངས་དམག་ཁུལ་གླུ་གར་ཁང་གི་འཁྲབ་ཁྲིད་པ་དང་སྒྱུ་རྩལ་བ་གང་མང་ཞིག་གིས་མ་བགྲོས་གཅིག་མཐུན་གྱིས་འཇམ་དབྱངས་སྒྲོལ་མ་ཐེངས་འདིའི་གར་སྟེགས་སུ་འཕུད་རྒྱུ་ཞེས་ཀུན་གྱིས་རེ་བ་དང་གདེངས་འཇོག་བྱས།ཁོ་མོར་མཚོན་ན་ཐེངས་འདི་གར་སྟེགས་སུ་བུད་རྒྱུར་ཕྱོགས་ཡོངས་ནས་གནོན་ཤུགས་ལྡན་ནའང་།བུད་མེད་ཁྲོད་ཀྱི་སྐད་གདངས་འབྲིང་པོའི་གཞས་གཏོང་མཁན་ཧ་ཅང་དཀོན་པས་མ་ཚད།སྐད་ངག་དེ་གླུ་མ་ཚང་མ་ལ་འཛོམས་ཡོད་པའི་མགྲིན་ངག་ལྟ་བུ་ཞིག་གཏན་ནས་མིན་ལ་སྐད་གདངས་འབྲིང་པོའི་གཞས་གཏོང་བ་དེ་ནི་ཁོ་མོར་ལྡན་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད་པས།བརྩོན་པའི་སྙིང་སྟོབས་ལུས་ལ་བགོས་ཤིང་སྤོབས་པའི་འདུན་པ་སེམས་ལ་བཅིངས་ཏེ་འཁྲབ་སྟོན་དེར་ཞུགས་ནས།སྐད་ཀྱི་སྒྲ་གདངས་ལྷོད་ལ་འབྲིང་བའི་ངག་སྙན་མོས་གཞས་ཤིག་བཏང་བས་ཀྲུང་གོའི་ས་ཆེན་གྱི་པང་དུ་གླུ་མ་འཇམ་དབྱངས་སྒྲོལ་མ་ཞེས་པ་སྐད་གདངས་འབྲིང་པོའི་གླུ་མ་ཞིག་གངས་དཀར་པོའི་འདབས་ནས་ཆས་ཏེ་མཐའ་ཡས་པའི་རྒྱ་མཚོའི་བར་དུ་དུས་རབས་ཀྱི་གླུ་མ་མིང་གྲགས་ཅན་ཞིག་ཏུ་གྱུར།།གླུ་གར་སྒྱུ་རྩལ་གྱི་ལས་ལ་འབད་པའི་རྔུལ་ཆུས་མི་ཚེ་འཁྲུད་བའི་ཆེད་མཁས་པ་གང་མང་གིས་ཁོ་མོར་ཡིད་ཆེས་ཐོབ་པས་མ་ཚད།སྐད་གདངས་ཀྱི་འགུག་ལུགས་དང་གར་སྟེགས་སྟེང་གི་འཆོར་ཉམས་སོགས་བུམ་པ་གང་བྱོའི་ཚུལ་དུ་བསྩལ་བས་གླུ་གར་སྒྱུ་རྩལ་གྱི་རིག་གནས་ལ་སྔར་ལས་ལྷག་པའི་ངེས་ཤེས་དང་གོ་རྟོགས་ཟབ་མོ་འདྲོངས།
    ཁོ་མོས་བཤད་རྒྱུར།གླུ་གར་སྒྱུ་རྩལ་གྱི་ལས་ལ་བརྩོན་པའི་དམག་མི་ལོ་ཆུང་ཞིག་ལ་མཚོན་ན་བློ་དང་རིག་པ་བསྒྲིམས་ཏེ་སྒྱུ་རྩལ་རིག་གནས་ལ་སྦྱོང་བ་བྱས་ན།ད་གཟོད་ཐུན་མིན་བརྩམས་ཆོས་ཀྱི་ཚེ་སྲོག་ལ་སྔར་མེད་ཀྱི་ལང་ཚོ་གསར་བ་སྟེར་ཐུབ་ལ།འཚོ་བའི་ངོ་བོ་ལ་རིན་ཐང་ལྡན་ངེས་ཡིན་པས།ངས་སྔོན་བྱོན་མེས་པོ་དག་གི་སྒྱུ་རྩལ་གྱི་བཤུལ་ལམ་རིང་མོར་སྙིང་སྟོབས་དང་སྤོབས་པས་འཇུག་རྒྱུ་ཡིན་ལ།སྒྱུ་རྩལ་གྱི་ལམ་ཆེན་དེ་ནས་ང་ལ་སྔར་ལས་ལྷག་པའི་འོད་སྟོང་དང་ལྡན་པའི་ལམ་བུ་ཞིག་གིས་མདུན་ནས་བསུ་ཡི་ཡོད་ཅེས་རང་ཉིད་ལ་ཡིད་ཆེས་པའི་སྒོ་ནས་བཤད།ང་ཚོས་ཀྱང་ཁོ་མོས་སྤོས་ཟིན་པའི་སྒྱུ་རྩལ་གྱི་ལམ་ཆེན་དེ་ནས་སྒྱུ་རྩལ་རིག་གནས་ཀྱི་གྲུབ་འབྲས་གཡུར་དུ་སྨིན་པ་ཐོབ་སྟེ་མ་འོངས་པར་ཁོ་མོའི་རིན་ཐང་ལྡན་པའི་གླུ་དབྱངས་སྒྱུ་རྩལ་གྱི་བརྩམས་ཆོས་གང་མང་འུ་ཅག་མིག་གི་ལོངས་སྤྱོད་དུ་འབྱོན་རྒྱུའི་རེ་བཞག་དང་སྨོན་པས་ཀུན་བརྟས་པ་ལགས་སོ།།
  • ལེ་ཚན་སྔོན་མ།:ཁམས་རྒྱལ་ཐང་ནས་གྲགས་པའི་གསེར་གྱི་རྒྱ་གླིང་། ༼གླུ་མ་ཀརྨ་བཅིངས་འགྲོལ་སྒྲོལ་མ།༽
  • ལེ་ཚན་རྗེས་མ།:གཉན་པོ་གཡུ་རྩེའི་བུ་རྒྱུད་གླུ་བ་བསམ་ཁོ།
  • དོ་སྣང་ཆེ་བའི་རྩོམ།