སློབ་གསོའི་སྐོར་གྱི་གསུང་བཤད།

སངས་རྒྱས་རྒྱལ།        2010-12-16

ང་རང་ཉིད་ཡིན་ན་དེ་རིང་སྟེགས་བུ་འདི་ལྟ་བུར་བསྡད་དེ་དགེ་རྒན་དང་མཁས་དབང་རྣམ་པའི་མདུན་ནས་གསུང་གླེང་གནང་རྒྱུའི་ཡོན་ཏན་དང་ཆ་རྐྱེན་མི་འཛོམས་མོད།ཡིན་ནའང་ངས་འདི་ནས་མི་ཚེ་གང་བོར་རང་གི་སེམས་སུ་བརྣག་གིན་ཡོད་པ་དང་སེམས་ཁུར་བྱེད་པའི་གཏམ་ཚིག་འགའ་བཤད།ངས་བཤད་པ་ནི་སོ་སྐྱེས་ཀྱི་སྐད་ཆ་ཡིན་པས་ཐམས་ཅད་འགྲིག་པའི་ངེས་པ་མེད།མི་འགྲིགས་ཡོད་ན་ཚང་མས་སྐྱོན་བརྗོད་གནང་རྒྱུའི་རེ་བ་ཡིན། དེ་རིང་ངས་བཤད་རྒྱུར་ནང་དོན་ཡིན་ན་དོན་ཚན་བཞི་ཡིན།དང་བོ་གང་རེད་ཅེ་ན།ད་ང་ཚོའི་ཀྲུང་གོའི་རྒྱལ་ཁབ་ཀྱི་སློབ་གསོའི་བྱ་བའི་ཐད་ནས་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པ་རེད།༡༩༩༩ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་ཉེར་གཅིག་པའི་སློབ་གསོའི་འཕེལ་རྒྱས་ཕྱོགས་ཀྱི་འཆར་གཞི་ཞེས་ཡིག་ཆ་ཞིག་ཐོན་ཡོད།དེའི་འཕྲོར་༢༠༠༡ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྨང་གཞིའི་སློབ་གསོ་བཅོས་བསྒྱུར་ཐད་ཀྱི་ཐག་གཅོད་ཅེས་ཡིག་ཆ་གལ་ཆེན་ཞིག་གནང་ཡོད།རྨང་གཞིའི་སློབ་གསོ་འདི་བཅོས་བསྒྱུར་དང་འཕེལ་རྒྱས་འབྱུང་དགོས་པའི་འཇུག་སྒོ་གང་རེད་ཟེར་ན།ཐོག་མར་སློབ་དེབ་ལ་རག་ལས་ཡོད།ལ་ལས་ཁྲིད་བྱ་ཟེར།ལ་ལས་བསླབ་བྱ་ཟེར།ངས་བསླབ་གཞི་ཟེར་གྱི་ཡོད།གང་ལྟར་ཀྱང་བསླབ་གཞི་བཅོས་བསྒྱུར་འདི་སློབ་གསོ་བཅོསག་བསྒྱུར་གྱི་འཇུག་སྒོ་ལྟ་བུར་བཟུང་ཡོད།དེའི་ནང་ནས་ལ་ལས་བསླབ་གཞི་ནི་སློབ་གསོའི་སྲོག་ཤིང་ཡིན་པར་བཤད་པའོ།།དེའི་དོན་ཚན་དང་བོ་བསླབ་གཞི་བཅོས་བསྒྱུར་གྱི་དམིགས་ཡུལ་ཅི་རེད།དོན་ཚན་རིམ་པ་མང་བོ་ཕྱེ་ཡོད།དེའི་དོན་ཚན་དང་བོ་བསླབ་གཞི་བཅོས་བསྒྱུར་གྱི་དམིགས་ཡུལ་ཅི་རེད།དོན་ཚན་གཉིས་པ།བསླབ་གཞི་དེའི་སྤུས་ཚད་ཅི་རེད་ཚད་གཞི་ཅི་རེད།དེའི་འཕྲོ་ནས་སློབ་ཁྲིད་ཀྱི་བརྒྱུད་རིམ་ཅི་རེད།སློབ་དེབ་དེ་ཚད་གཞི་དེ་དང་འཚམ་པའི་སློབ་དེབ་ཏུ་ཇི་ལྟར་སྤེལ་དགོས་པ།བསླབ་གཞི་དེ་བདག་གཉེར་སུས་བྱེད་དགོས།བསླབ་གཞི་དེ་ཚད་ལྡན་ཞིག་ཡིན་མིན་གྱི་གདེང་འཇོག དུས་རབས་དང་འཚམ་པའི་དགེ་རྒན་ཅི་ལྟར་སྐྱེད་སྲིང་བྱེད་དགོས་པ་ལ་སོགས་པའི་མ་ལག་ཆ་ཚང་ཞིག་སྒྲུབ་བཞིན་ཡོད།
དེས་མི་ཚད་བསླབ་གཞིའི་ཚད་ཐིག་ཅེས་པ་ཞིག་བསྒྲིགས་ནས་པེ་ཅིན་དགེ་ཐོན་སློབ་གྲྭ་ཆེན་མོར་འགན་ཁུར་བཞག་སྟེ་སྒོར་དུང་ཕྱུར་མང་བོའི་འགྲོ་སོང་བཏང་སྟེ་རྒྱལ་ཡོངས་ཀྱི་མཁས་པ་མང་བོ་གདན་འདྲེན་བྱས་ཏེ་བསླབ་གཞིའི་ཚད་ཐིག་དེ་བཟུང་ཞིང་།དེ་དང་མཐུན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་ཉི་ཤུ་ཐམ་པའི་སློབ་དེབ་སྒྲིག་གི་ཡོད།དེ་སྒྲིག་པས་མི་ཚད་དེ་ཁྲིད་ཐབས་དང་དགེ་རྒན་ལ་སོགས་པ་ཇི་ལྟར་སྐྱེད་སྲིང་བྱེད་དགོས་པ་རྒྱལ་ནང་གི་ས་ཆ་སོ་སོར་ཚོད་ལྟ་བྱེད་བཞིན་ཡོད།ད་ལོ༢༠༠༤ལོའི་ལོ་མཇུག་བར་དུ་ཚོད་ལྟ་བྱས་པའི་ཆེས་རྗེས་མའི་ལོ་རེད།ལོ་རྗེས་མ་༢༠༠༥ལོ་ནས་བཟུང་ཀྲུང་གོའི་སློབ་གཞི་གསར་བ་དེ་འགོ་འཛུགས་རྒྱུ་རེད།སློབ་དེབ་གསར་བ།བསླབ་གཞི་དེ་དང་འཚམ་པའི་སློབ་དེབ་ཁྲིད་ཐབས་གསར་བ།སློབ་ཁྲིད་ཀྱི་དམིགས་ཡུལ་གསར་བ།དེས་ཀྲུང་གོའི་ས་ཐོག་འདི་ན་དབྱར་མཚོ་རྒྱས་པ་ལྟར་མི་ཚང་མས་བྱ་བ་དེ་སྒྲུབ་བཞིན་ཡོད།ང་ཡིན་ན་ཡང་བསམ་པ་རྒྱ་ཆེ་བའི་སྒོ་ནས་ན་ནིང་ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པ་དང་ང་ཚོའི་སློབ་གྲྭའི་ཏང་ཨུའི་རྒྱབ་སྐྱོར་ལ་བརྟེན་ནས་མཚོ་སྔོན།ཀན་སུའུ།སི་ཁྲོན་སོགས་བོད་ཀྱི་ས་ཁུལ་མང་བོ་ཞིག་ལ་བརྟག་དཔྱད་ཞིབ་འཇུག་ཏུ་སོང་།དེའི་མི་ཚད་རྒྱལ་ཁབ་ཀྱིས་དེའི་ཕྱོགས་སྲིད་ཇུས་སྐོར་གྱི་ཡིག་ཆ་གཏན་འབེབས་བྱས་པ་མང་བོ་ཀློག པེ་ཅིན་སློབ་གྲྭ་ཆེན་མོ་དང་ཧྲང་ཧེ་དགེ་ཐོན་སློབ་གྲྭ་ཆེན་མོ།ནུབ་བྱང་དགེ་ཐོན་སློབ་གྲྭ་ཆེན་མོ་སོགས་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་པར་བལྟ་རུ་སོང་།དེ་ཐམས་ཅད་ལ་བལྟས་ན་ང་རང་ཡིན་ན་འདིའི་སྐོར་ལ་བསམ་བློ་བཏང་།དེ་ཡིན་ན་བསླབ་གཞི་བཅོས་བསྒྱུར་འདི་སློབ་གསོའི་བྱ་བའི་ཁྲོད་དུ་བརྒྱུད་རིམ་ལྡན་པའི་ལས་འགན་གལ་ཆེན་ཞིག་རེད།དེ་ཡིན་པའི་རྒྱུ་མཚན་གྱིས།ང་ཚོའི་བོད་ཀྱི་རྨང་གཞིའི་སློབ་གསོའི་ཐད་ཀྱི་བསླབ་གཞི་བཅོས་སྒྱུར་འདི་ཇི་ལྟར་བྱ་དགོས་ཤེ་ན།ང་རང་གི་བལྟ་ཚུལ་ཡིན་ན་ཐོག་མར་འདུ་ཤེས་སྦྱང་དགོས།ང་ཚོ་ཚང་མ་མི་ཡིན་པའི་རྒྱུ་མཚན་གྱིས།ཇོ་བོ་རྗེས་གསུངས་པ་བཞིན།རྩ་བ་སྨན་ཡིན་ན་ཡལ་ག་དང་ལོ་མ་ཐམས་ཅད་སྨན་ཡིན།རྩ་བ་དུག་ཡིན་ན་ཡལ་ག་དང་ལོ་མ་ཐམས་ཅད་དུག་ཡིན།ཞེས་པ་དང་རྗེ་ཐམས་ཅད་མཁྱེན་པའི་དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས།བྱ་བ་ཐམས་ཅད་ཀྱི་འཇུག་སྒོ་ནི་ཀུན་སློང་ཡིན།ཞེས་གསུངས་པ་ལྟར་བསླབ་གཞི་བཅོས་བསྒྱུར་བྱ་དགོས་ན་ཐོག་མར་ཀུན་སློང་རྣམ་དག་ཅིག་དགོས།དེང་སང་གི་སྐད་ཆ་ལྟར་ན་འདུ་ཤེས་ཡག་པོ་ཞིག་དགོས།འོ་ན་འདུ་ཤེས་དེ་ཅི་ཞིག་གིས་བསྒྱུར་དགོས།སློབ་གསོ་ཟེར་བ་དེ་ཅི་འདྲ་ཞིག་རེད།སློབ་གྲྭ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་དགོས།གསུམ་ཡིན་ན་སློབ་ཁྲིད་ཟེར་བ་དེ་ཅི་འདྲ་ཞིག་ཡིན་དགོས།དེ་རིང་ང་ཡིན་ན་འགོ་འཛིན་པའི་དུས་ཚོད་སྐར་མ་མང་བོ་ཞིག་མེད་པས་ཉུང་བསྡུས་ཤིག་གི་སྒོ་ནས་བཤད།སློབ་གསོ་ཟེར་བ་དེ་ཇི་འདྲ་ཞིག་རེད་ཟེར་ན།ཐོག་མར་འདུ་ཤེས་བསྒྱུར་དགོས་པ་ཞིག་ལ།
ང་ཚོའི་ཀྲུང་གོས་བཅིངས་འགྲོལ་བྱས་ནས་བཟུང་ལོ་མང་བོ་ཞིག་གི་རིང་སློབ་གསོས་ཆབ་སྲིད་ལ་ཞབས་འདེགས་ཞུས་པ་རེད།དེའི་འཕྲོར་ཁྱད་གཞི་དཔལ་འབྱོར་གྱི་མངའ་འོག་ནས་སློབ་གསོ་གོང་འཕེལ་དུ་སོང་བ་རེད།དེ་ང་ཚོ་བོད་ཀྱི་སློབ་གསོ་ལ་མཚོན་ན་དེའི་ནང་ན་ནོར་འཁྲུལ་ཆེན་པོ་རེ་ཡོད།ཁྱད་པར་སྲིད་འཛིན་འགོ་འདྲེན་རྣ་པ་ཡིན་ན་ཆོག དགེ་རྒན་རྣམ་པ་ཡིན་ན་ཆོག སློབ་གྲྭའི་འགོ་འདྲེན་རྣམ་པ་ཡིན་ན་ཆོག
  • ལེ་ཚན་སྔོན་མ།:སློབ་གསོའི་སྐོར་གྱི་གསུང་བཤད།
  • ལེ་ཚན་རྗེས་མ།:སློབ་གསོའི་སྐོར་གྱི་གསུང་བཤད།
  • དོ་སྣང་ཆེ་བའི་རྩོམ།