སློབ་གསོའི་སྐོར་གྱི་གསུང་བཤད།(2)

སངས་རྒྱས་རྒྱལ།        2010-12-16


བོད་ཀྱི་སློབ་གསོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་ཡོད་པ་རེད་བསམ་བཞིན་ཡོད།དེ་ཧ་ཅང་ནོར་འཁྲུལ་ཆེན་པོ་ཞིག་རེད།ང་ཚོ་བོད་ཀྱི་སློབ་གསོ་ནི་མཚོ་བོད་མཐོ་སྒང་ནས་ལོ་ངོ་ཁྲི་ཕྲག་མང་བོའི་རིང་བརྒྱུད་དེ་འོང་བ་ཞིག་རེད།དེའི་སྟབས་ཀྱིས་དེ་རིང་གི་སློབ་གསོ་སྒྲུབ་དགོས་ན་ངེས་པར་དུ་ཁ་སང་གི་སློབ་གསོ་དེ་ལ་གོ་བ་རྣམ་དག་ཅིག་ཆགས་དགོས།དེ་མ་ཆགས་པའི་དབང་གིས་ད་སྐབས་གཞན་ལ་བལྟ་ས་མེད་པར།ཞེན་ཡིན་ན་འདོར་བྱའི་ནང་དུ་བཞག སློབ་གསོ་ཡིན་ནའང་ནང་ལོག་རྒྱ་ནག་གི་སློབ་གསོ་དེ་ཙམ་མ་གཏོགས་དཔེ་འཇོག་ས་མེད།རྒྱ་ནག་སློབ་གསོ་དེ་སུའུ་ལན་གྱི་སློབ་གསོ་ལ་ལད་མོ་བྱས།དེའི་དབང་གིས་གཅིག་གིས་གཅིག་ལ་ལད་མོ་བྱས་ཏེ་དེ་རིང་བར་དུ་ཐོན་སོང་།ད་སྐབས་རྨང་གཞིའི་སློབ་གསོ་བཅོས་སྒྱུར་ནང་དུ་ཀྲུང་གོའི་སློབ་གསོ་ནོར་སོང་།ཅི་ལྟར་ན་སོང་ཞེ་ན་གཞན་གྱི་ལད་མོ་བྱས་པ་ལས་མིའི་ནུས་པ་སྐྱེད་སྲིང་བྱ་རྒྱུ་དང་ཁྱད་པར་དུ་སློབ་གསོས་ས་གནས་ལ་ཞབས་འདེགས་ཞུ་རྒྱུའི་ལས་ཀ་དེ་བསྒྲུབ་མ་ཐུབ་པ་རེད།རྒྱུ་མཚན་དེ་བས་ཀྲུང་གོས་ཁ་ཕྱིར་འཁོར་ཏེ་ཀྲུང་གོའི་སློབ་གསོ་ལ་སློབ་སྦྱོང་བྱེད་བཞིན་ཡོད།དེའི་སྟབས་ཀྱིས་ང་ཚོ་ཚང་མས་བོད་ཀྱི་སློབ་གསོ་འདི་ལ་ཡང་བསྐྱར་དུ་བསམ་བློ་བཏང་སྟེ་བོད་ཀྱི་སློབ་གསོའི་ལོ་རྒྱུས་དེ་ངེས་པར་དུ་ཤེས་དགོས།བོད་ཀྱི་སློབ་གསོ་དེ་རིན་པོ་ཆེ་ཞིག་དང་འདྲ་ན་དེའི་འོད་འཕྲོ་ས་གང་ན་ཡོད་པ་དང་རྩ་ཆེ་ས་གང་ན་ཡོད་པ་ང་ཚོ་ཚང་མས་ཤེས་དགོས།
 ཁ་སང་ངས་གཙོས་སྲས་མཁར་དགུ་ཐོག་ལ་ཐེངས་གསུམ་མཇལ་མོད།ཐེངས་རེ་རེའི་སྐབས་སུ་ངའི་སེམས་སུ་ཁོང་ཨ་ལགས་བསེ་ཚང་གི་མཛས་རྗེས་ལ་བརྟེན་ནས་ང་ཚོ་བོད་ཀྱི་གྲུབ་མཐའ་ཐམས་ཅད་ཀྱི་མཁས་པའི་དབང་བོ་དག་གི་སྐུ་བརྙན་བཞེངས་ཡོད་པ་དེ་ངས་བསམ་ན་བོད་ཀྱི་སློབ་གསོའི་ལོ་རྒྱུས་རེད།དཔེར་ན།བོད་ཀྱི་སློབ་གསོའི་ལོ་རྒྱུས་ཤེས་མཁན་ཞིག་གིས་རྒྱལ་བོ་སྲོང་བཙན་སྒམ་པོའི་སྐུ་བརྙན་ལ་མཇལ་སྐབས་སློབ་གསོའི་རིམ་པ་ཞིག་ཤེས།དེ་བཞིན་ཁྲི་སྲོང་ལྡེ་བཙན་དང་མཉམ་མེད་དྭགས་པོ་ལྷ་རྗེ་བ།རྗེ་ཐམས་ཅད་མཁྱེན་པ་ལ་སོགས་པ།དེའི་སྐབས་ཀྱི་ཁོང་རྣམ་པའི་སློབ་གསོའི་དགོངས་དོན་ཅི་འདྲ་ཞིག་རེད།དེ་དག་གི་རིང་ང་ཚོའི་བོད་ཀྱི་སློབ་གསོའི་འཕེལ་ཕྱོགས་ཅི་འདྲ་ཡིན་པ་གསལ་བོར་ཤེས།ན་ནིང་ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཆར་འགོད་ཀྱི་ལེ་ཚན་ཞིག་ལས།དེའི་སྐབས་སུ་སྐུ་འབུམ་གྱི་གྲྭ་ཚང་བཞི་བོའི་ལོ་གཅིག་གི་བྱ་བ།བསླབ་བྱ།རྒྱུགས་ལེན་སྟངས་སོགས་ངས་བཤད།ཡང་ངས་སྡོམ་བརྩོན་དམ་པའི་མཚོན་དོན་དེ་ཁྱོད་ཚོར་ཐེངས་ཤིག་བཤད།པདྨ་ཞིག་ཡོད་པ་ནི་ཀུན་སྤྱོད་སློབ་གསོ་དང་།རལ་གྲི་ཞིག་ཡོད་པ་ནི་ཤེས་རིག་སློབ་གསོ།བྱ་མགོ་གཉིས་ཅན་ཞིག་ཡོད་པ་ནི་སྐད་གཉིས་སློབ་གསོ་ཡིན།དེ་ཚང་མ་སྡོང་བོ་གཅིག་གི་མགོ་ན་ཡོད་པ་དེས་བོད་ཀྱི་སློབ་གསོའི་མ་ལག་ཆ་ཚང་བ་མཚོན།བོད་ཀྱི་སློབ་གསོ་ནི་ཁ་སང་དེ་རིང་གསར་དུ་བྱུང་བ་ཞིག་གཏན་ནས་མ་རེད།འདི་དག་ཐོག་མར་ཤེས་དགོས་པའི་དོན་དག་གལ་ཆེན་ཞིག་རེད། དེང་སང་མི་ལ་ལས་སྔོན་ཆད་བོད་ལ་སློབ་གསོ་མེད་ཟེར་བ་དང་།ཡང་ལ་ལས་དགོན་པའི་སློབ་གསོ་དེ་སློབ་གསོ་དེ་སློབ་གསོ་མིན་ཟེར་མཁན་ཡང་ཡོད།ངས་བལྟས་ན་དགོན་པའི་སློབ་གསོ་དེ་སློབ་གསོ་ཡིན་པར་མ་ཟད་སློབ་གསོ་ཡང་དག་ཅིག་རེད།ཁྱད་པར་དུ་ཨ་མའི་རུམ་ནས་གཏམ་རྒྱུད་བཤད་པ་དང་ཁེད་བཤད་པ་ཚང་མ་སློབ་གསོ་རེད།འདི་ནི་དོན་ཚན་དང་བོ་ཡིན།དེའི་འཕྲོ་ནས་སློབ་གྲྭ་རེད།བོད་ཀྱི་སློབ་གྲྭའི་འགན་ཁུར་ནི་རྒྱལ་ནང་གི་སློབ་གྲྭ་དང་གྲོང་ཁྱེར་གྱི་སློབ་གྲྭ་དང་གཏན་ནས་མི་འདྲ།རྒྱལ་ནང་གི་སློབ་གྲྭ་ཡིན་ན་སྤྱི་ཚོགས་ཀྱི་ཁོར་ཡུག་ངེས་ཅན་ཞིག་གི་ནང་ནས་སློབ་གྲྭར་འགྲིམས་པ་རེད།དེའི་ཉེ་འཁོར་ན་དཔལ་འབྱོར་གྱི་ཕྱོགས་དང་རིག་གནས་ཀྱི་ཕྱོགས།ཚོང་ལས་ཀྱི་ཕྱོགས་གང་ཡིན་ནའང་སྣ་མང་བ་ཞིག་འཛོམས་ཡོད།བོད་ཀྱི་སློབ་གྲྭ་ཡིན་ན།ས་ཆ་གཅིག་ན་སློབ་གྲྭ་གཅིག དེ་ནི་དགེ་རྒན་འགའ་རེ།དེའི་ནང་དུ་སློབ་མ་འགའ་རེ་མ་གཏོགས་མེད།སྤྱིར་སློབ་གྲྭ་ཡིན་ན་སྤྱི་ཚོགས་ཧྲིལ་བོར་ཞབས་འདེགས་སྒྲུབ་པའི་གོ་ཆོད་དགོས།བོད་ཀྱི་མང་ཚོགས་རྣམས་ཀྱིས་སློབ་གྲྭ་ལ་གདེང་འཇོག་ཆེན་པོ་ཐོབ་ཀྱི་མེད་པའི་རྩ་བ་ནི།སློབ་གྲྭས་སློབ་གསོའི་ནུས་པ་བཟང་བོ་ཞིག་ཐོན་ཐུབ་ཀྱི་མེད་པས་རེད།ཀྲུང་གོའི་སློབ་གསོའི་དགོས་དོན་ནང་།སློབ་གསོས་ས་གནས་ལ་ཞབས་འདེགས་བསྒྲུབ་དགོས་ཞེས་བསྟན་ཡོད།འོ་ན་ས་གནས་གང་ལ་ཞབས་འདེགས་ཞུ་དགོས་ཞེ་ན།དཔེར་ན།ཀན་ལྷོ་ཡིན་ན་ཀན་ལྷོའི་ས་གནས་ལ་ཞབས་འདེགས་བསྒྲུབ་དགོས།དེ་ཡིན་ན་སློབ་གྲྭས་ས་གནས་དེར་ཞབས་འདེགས་སྒྲུབ་ཐུབ་པའི་མི་སྣ་སྐྱེད་སྲིང་བྱ་དགོས།དེའི་རྒྱུ་མཚན་གྱིས་སློབ་གྲྭ་ཡིན་ན།ས་གནས་དེའི་རིག་གནས་དང་སློབ་གསོ།དཔལ་འབྱོར།བཟོ་ལས།ཚན་རིག ཚོད་ལྟ་སོགས་ཀྱི་ལྟེ་བ་ཞིག་ཡིན་དགོས།འོ་ན་ཅི་བྱེད་དགོས་ཟེར་ན།རྒྱལ་ཁབ་སློབ་གཞི་བཅོས་བསྒྱུར་གྱི་དགོངས་དོན་དང་བསྟུན་ཏེ་ང་ཚོས་སློབ་གྲྭ་བསྒྲུབ་དགོས།ན་ནིང་ང་ཞིན་ཅྰ་ཕོ་དང་ཤང་ཀང་སོགས་སུ་སོང་།ཁོ་ཚོས་སློབ་གྲྭའི་ནང་གི་རྩྭ་རྐང་གཅིག་ཡིན་ནའང་འདྲ།གྱོ་མོ་གཅིག་ཡིན་ནའང་འདྲ།གང་ལྟར་བསླབ་གཞིའི་གོ་ཆོད་དགོས་ཟེར།ཐ་ན་དགེ་རྒན་གྱི་གོན་པ་གྱོན་སྟངས་དང་སྐྲ་ཤད་སྟངས་ཤིག་ཡིན་ནའང་ཚང་མ་སློབ་མའི་བསླབ་གཞིའི་ཡན་ལག་ཅིག་ཏུ་འགྱུར་དགོས་ཟེར།འོ་ན་བོད་ཀྱི་སློབ་གྲྭའི་བསླབ་གཞི་ནི་ང་ཚོའི་མཚོ་བོད་མཐོང་སྒང་གི་རིག་གནས་འདི་ཡིན་དགོས།འདིའི་ནང་ནས་སློབ་གསོའི་དམིགས་ཡུལ་དེ་འགྲུབ་ཏུ་འཇུག་དགོས།དམིགས་ཡུལ་ནི་ལ་ལས་བཞི་རུ་བཤད་མོད།ངས་གཉིས་ཀྱི་ནང་དུ་བསྡུས་ཡོད།གཅིག་ནི་མི་ཚད་ལྡན་ཞིག་བྱ་རྒྱུ་དང་།གཉིས་ནི་བྱ་བ་སྒྲུབ་ཤེས་རྒྱུ་དེ་གཉིས་ཡིན།དེང་སང་འཛམ་བུའི་གླིང་ཡིན་ནའང་དཀའ་ཁག་ཆེན་པོ་བཞིར་འཕྲད་ཡོད།གཅིག་ཡིན་ན་མིའི་གཤིས་ཀ་ཇེ་བཙོག་ཏུ་འགྲོ་བཞིན་ཡོད།གཉིས་པ་ཡིན་ན་མཁའ་དབུགས་ཀྱི་གནད་དོན་རེད།གསུམ་པ་ཐོན་ཁུངས་ཀྱི་གནད་དོན།དེའི་ནང་ནས་ཀྱང་རྩ་བའི་རྩ་བ་ནི་མིའི་གཤིས་ཀ་ཇེ་ངན་དུ་འགྲོ་བའི་གནད་དོན་དེ་རེད།དེ་ཡིན་ན་མིའི་གཤིས་ཀ་ཇེ་ལེགས་སུ་གཏོང་དགོས་ན།ང་ཚོའི་བོད་ཀྱི་རིག་གནས་འདི་ནི་འཛམ་གླིང་ན་དཀོན་པའི་མིའི་རིགས་ཀྱི་རིག་གནས་ཤིག་རེད།ངས་འདི་ལྟར་བཤད་ཀྱི་ཡོད།བོད་ཀྱི་རིག་གནས་ནི་མིའི་རིགས་ཀྱི་རིག་གནས་རེད།འཛམ་གླིང་གི་རིག་གནས་གཞན་དག་དངོས་པོའི་རིག་གནས་ཤིག་རེད།དེ་ནི་ང་ཚོ་ཚང་མ་མི་ཡིན་པའི་རྒྱུ་མཚན་གྱིས་བོད་ཀྱི་རིག་གནས་འདི་ལ་མཐོང་ཆེན་བྱ་དགོས།འདི་ནི་འཛམ་གླིང་གི་མི་ཚང་མའི་གཅེས་ནོར་ཡིན་པ་གོང་དུ་མཁས་དབང་དུ་མས་གསུངས་པ་དེ་རེད།དེ་ཡིན་བཏང་ན།དེ་ཐམས་ཅད་པོ་གང་ནས་སྒྲུབ་དགོས་ཞེ་ན།ད་ལྟ་སློབ་གྲྭས་སྒྲུབ་དགོས།བོད་ཀྱི་སློབ་གསོས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་ན།དཔེར་ན།འབྲོག་པ་ཞིག་ཡིན་ན་ཕྱུགས་ལས་ཀྱི་ཆ་ནས་བཞག་འདེགས་ཞུ་དགོས།དེ་ནས་རྩྭ་ཐང་ལ་ཞབས་འདེགས་བསྒྲུབ་དགོས།དེ་དག་ཇི་འཕེལ་རྒྱས་སུ་འགྲོ་རུ་འཇུག་དགོས་པ་ཚང་མ་སློབ་གྲྭ་ལ་འབྲེལ་ཡོད།སློབ་གསོ་ལ་མཚན་ཉིད་བཞག་ཡོད་དེ།རིག་གནས་སྤེལ་ཐབས་ཀྱི་བྱ་འགུལ་ལ་ཟེར།ངས་འདིའི་སྐོར་གྱི་རྩོམ་ཐུང་ཞིག་ཀྱང་བྲིས་ཡོད།དེའི་བརྗོད་བྱའི་སྙིང་བོ་ནི།སྲོལ་རྒྱུན་རིག་གནས་དེ་དེང་རབས་ཅན་དུ་བཏང་དགོས།དེང་རབས་ཅན་གྱི་རིག་གནས་དེ་སྔོན་ཐོན་ཅན་དུ་བཏང་དགོས།དེ་གཉིས་ཟུང་དུ་སྦྲེལ་ནས་དུས་རབས་ཉེར་གཅིག་པའི་ང་ཚོ་བོད་ཀྱི་ཁྱད་ཆོས་ལྡན་པའི་སློབ་གསོའི་མ་ལག་ཆ་ཚང་བ་ཞིག་དགོས།དེ་ལྟར་མ་ཐུབ་པར་སློབ་གསོའི་ཡན་ལག་ཙམ་ལ་ནན་སྐུལ་བྱས་པས་ཅི་ཡང་མི་ཡོང་།དཔེར་ན་སྐད་གཉིས་སློབ་ཁྲིད་ལྟ་བུ།ངས་དེ་ལ་དགག་པ་རྒྱབ་པ་ཡིན།དེ་བྱས་པ་མི་བཟང་ཞེས་བཤད་པ་མིན།སྐད་གཉིས་སློབ་ཁྲིད་ནི་སྐད་གཉིས་སློབ་གསོའི་ཡན་ལག་ཅིག་རེད།ཨ་མེ་རི་ཁ་ཡིན་ཡང་སྐད་གཉིས་སློབ་གསོའི་གནད་དོན་དེ་ཡོད།བོད་ཀྱི་སྐད་གཉིས་སློབ་གསོ་ཡིན་ནའང་ཁ་སང་དེ་རིང་འདིར་བྱུང་བ་ཞིག་མ་རེད།བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ནས་ཡོད།དེའི་སྟབས་ཀྱིས་གོང་དུ་བཤད་པ་ལྟར་བོད་ཀྱི་སློབ་གསོ་ལ་ཡང་བསྐྱར་བསམ་བློ་གཏོང་དགོས།འདི་ནི་ངས་དེ་རིང་བཤད་པའི་དོན་ཚན་གཉིས་པ་ཡིན།
  • ལེ་ཚན་སྔོན་མ།:སློབ་གསོའི་སྐོར་གྱི་གསུང་བཤད།
  • ལེ་ཚན་རྗེས་མ།:སློབ་གསོའི་སྐོར་གྱི་གསུང་བཤད།
  • དོ་སྣང་ཆེ་བའི་རྩོམ།