སྒྲ་སྙན་བྱུང་ཚུལ་བརྗོད་པ།(1)

ཞི་ཆིན་གྱིས་བརྩམས། བུ་བཞིས་བསྒྱུར།        2014-12-11

སྒྲ་སྙན་ནི་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་བའི་བོད་ཀྱི་རོལ་ཆས་ཤིག་ཡིན་ཏེ། དེའི་དོན་གྲོལ་ན་སྙན་འཇེབས་ལྡན་པའི་སྒྲ་དབྱངས་ཞེས་པའི་དོན་ཡིན། སྒྲ་སྙན་ལ་དབྱེ་ན་རྒྱུད་བཞི་དང་། རྒྱུད་དྲུག། རྒྱུད་བཅུ་དྲུག་ཅན། རྒྱུད་ཉི་ཤུ་ཅན་བཅས་ཡོད་ཅིང་། རྒྱུད་དྲུག་སྒྲ་སྙན་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ།
 རྒྱུད་དྲུག་སྒྲ་སྙན་གྱི་རིང་ཚད་ལ་སྨི་གཅིག་ལྷག་ཡོད་པ་དང་། སྒྲ་སྙན་ཀྱི་ངོས་ནི་སྤུས་ལེགས་ཤིང་ལས་གྲུབ་པས་སྒྲ་སྙན་ཞིང་བཀོལ་བདེ་བ་ཞིག་ཡིན། དེའི་འཁྲབ་སྟངས་ནི་ལག་པ་གཡོན་པས་སྒྲ་སྙན་བཟུང་ཞིང་སྐུད་པ་གནོན་པ་དང་ལག་གཡས་ཀྱིས་སྒྲ་སྙན་རྡུང་ཞོར་གླུ་ལེན་བྲོ་འཁྲབ་བྱས་ཆོག  རྒྱུད་དྲུག་སྒྲ་སྙན་ནི་བོད་རིགས་ས་ཁུལ་ཀུན་དུ་དར་ཁྱབ་ཆེ། 
 སྒྲ་སྙན་གྱི་བྱུང་བ་བརྗོད་པ།
སྒྲ་སྙན་འབྱུང་ཚུལ་ཐད་ལ་བཤད་སྲོལ་སྣ་ཚོགས་ཡོད་དེ། ངག་རྒྱུན་ལྟར་ན། གནའ་སྔ་མོར་མཚོ་བོད་མཐོ་སྒང་རྒྱ་མཚོ་ཆེན་པོ་ཡིན་པའི་སྐབས་སུ་རྒྱ་མཚོ་ལས་ལག་ཏུ་སྒྲ་སྙན་བསྣམ་པའི་དབྱངས་ཅན་ལྷ་མོ་ཞིག་ཡོང་ནས་སྒྲ་སྙན་གཏོང་ཞིང་བྲོ་འཁྲབ། ཁོ་མོའི་ཡབ་ནི་ལྷ་དང་ཡུམ་ནི་རྒྱ་མཚོ་ཡིན་པར་བརྗོད། ཁོ་མོ་སྙན་ངག་ལ་དགའ་བ་མ་ཟད་རོལ་དབྱངས་ལའང་མོས་འདུན་ཟབ་མོ་ཡོད་པས། བོད་མི་རྣམས་ཁོ་མོར་དགའ་ཞེན་ཆེན་པོ་ཡོད། དེར་བརྟེན་བོད་མི་རིགས་སྒྲ་སྙན་ལའང་ཧ་ཅང་དགའ་བ་བྱུང་སྐད། མཁས་པ་ལ་ལའི་བཞེད་པ་ལྟར་ན་སྒྲ་སྙན་ནི་གནའ་བོའི་རྒྱ་གར་ནས་བོད་དུ་དར་བ་དང་། ཡང་མཁས་པ་ལ་ལས་རྒྱ་བཟའ་ཀོང་ཇོས་བོད་དུ་འཁྱེར་ཡོང་སྟེ་ད་བར་ལོ་ཆིག་སྟོང་ལྷག་སོང་བར་འདོད། ཡིན་ནའང་མཁས་པ་མང་ཆེ་བའི་རྟོགས་དཔྱོད་བྱས་པ་ལྟར་ན། སྒྲ་སྙན་རྡུང་ལེན་ནི་མཚོ་བོད་མཐོ་སྒང་ནས་བྱུང་བའི་བོད་མི་དམངས་རང་གི་ཐུན་མོང་མ་ཡིན་པའི་རོལ་ཆས་ཤིག་ཡིན།
རང་རྒྱལ་གྱི་སྙན་གྲགས་ཆེ་བའི་མི་རིགས་རོལ་དབྱངས་མཁས་པ་སྐུ་ཞབས་ཐེན་ཏོ་ཡིས་བརྩམས་པའི་《བོད་ཀྱི་སྲོལ་རྒྱུན་རོལ་ཆས》སུ་“སྒྲ་སྙན་དང་གླིང་བུ་ནི་བོད་རང་གིས་གསར་དུ་བཟོས་པའི་རོལ་ཆས་ཡིན”ཞེས་གསུངས་ཡོད། ལོ་ངོ་ཆིག་སྟོང་སུམ་བརྒྱའི་ལོ་རྒྱུས་མཚོན་པའི་ལྷ་སའི་གཙུག་ལག་ཁང་གི་ལྡེབས་རིས་ཤིག་སྟེ། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཀྱི་བརྗོད་བྱ་མཚོན་པའི་རི་མོ་ཞིག་ལས་ཀྱང་སྒྲ་སྙན་གཏོང་བའི་གནས་ཚུལ་མཐོང་ཐུབ་པ་དང་། དེ་མིན་བོད་ཀྱི་དགོན་སྡེའི་ཁག་གི་སྒོའི་གཡས་གཡོན་དུའང་ཕྱག་ཏུ་སྒྲ་སྙན་ཐོགས་པའི་རྒྱལ་ཆེན་རིགས་བཞིའི་སྐུ་བརྙན་མཐོང་ཐུབ།
  སྒྲ་སྙན་རྡུང་ལེན་གྱི་ནང་དོན་དང་སྒྱུ་རྩལ་ཁྱད་ཆོས།
  • ལེ་ཚན་སྔོན་མ།:བོད་ཀྱི་སྒྲ་སྙན་གྱི་ཁྱད་ཆོས་དང་དཀྲོལ་ཐབས།
  • ལེ་ཚན་རྗེས་མ།:སྒྲ་སྙན་གྱི་སྒྲིག་གཞི་དང་དབྱེ་བ།