ཁམས་པའི་པི་ཝང་ངོ་སྤྲོད་མདོར་བསྡུས།

    བོད་ལྗོངས་རིག་གནས་དྲ་བ་ནས་དྲངས།    2016-03-30

ཁམས་པའི་པི་ཝང་ངོ་སྤྲོད་མདོར་བསྡུས།

འབའ་གཞས་སམ་རས་པ་ཞེས་ན་གྲོགས་པོ་ཚོའི་སེམས་ལ་ལག་ན་པི་ཝང་ཐོགས་ཤིང་།རྐང་ལ་བོད་ལྷམ་གྱོན་ནས།སྐྲ་རིང་གཞོག་ཏུ་བཅིངས་ཏེ་ཞབས་བྲོའི་སྟངས་སྟབས་ཀྱི་འདེགས་འཇོག་གི་ཉམས་རྒོད་པའི་ཁམས་པ་ཚོ་དྲན་སྲིད་ཀྱི་རེད།དེ་ཡང་ལོས་ཡིན་ཏེ།འབའ་གཞས་ཞེས་ན་རྒྱལ་ཁབ་ཕྱི་ནང་ལ་སྙན་གྲགས་ཆེ་བའི་དམངས་སྲོལ་སྒྱུ་རྩལ་ཞིག་དུ་གྱུར་ཡོད་པ་རེད།ཡིན་ནའང་འབའ་གཞས་ཀྱི་ཉམས་འགྱུར་ལ་དབྱངས་ཀྱི་སྲོག་སྩོལ་མཁན་ནི་ཁོང་ཚོས་པི་ཝང་དུ་འབོད་པའི་རོལ་ཆ་འདི་ཡིན།དེས་ན་གཤམ་ནས་ངས་པི་ཝང་བཟོ་སྟངས་དང་གྲུབ་ཚུལ་ངོ་སྤྲོད་མདོར་བསྡུས་ཞིག་བྱེད་པར་བྱ་སྟེ།

ཁམས་པའི་པི་ཝང་ངོ་སྤྲོད་མདོར་བསྡུས།

པི་ཝང་དེ་ནི་རྒྱའི་ཨར་ཧུའུ་དང་ཕྱིའི་ཆ་ནས་འདྲ་པོ་ཡོད་ཀྱང་།དོན་དུ་དེའི་གྲུབ་ཆ་དང་བཟོ་རྩལ་གྱི་ཐད་ནས་མི་འདྲ་བ་ཡིན།དེ་ལས་གཙོ་བོ་ཞིག་ནི་བོད་ཀྱི་པི་ཝང་གི་བྲ་ནི་སྔོན་མར་འབྲོང་རྭ་ཡིས་བཟོས་པ་དང་།དེང་གི་ཆར་ཤིང་གིས་བཟོས་བ་ཡིན།བྲ་ངོས་ནི་སྔོན་མར་ཉ་དང་སྦྲུལ་གྱི་པགས་པ་བརླན་པ་བྱས་ཏེ་གཟེར་བུ་བཏབ་སྟེ་བཟོ་ཞིང་།དེང་ལུག་ལྤགས་སོགས་པགས་པ་སྲབ་མོས་བཟོས་བ་ཡང་ཡོད།བྲ་ལས་སྐེའམ་རྒྱུད་རྟ་ཞེས་དབྱུག་པ་ཞིག་ཡོད་ལ།དེའི་མགོ་ན་རྭ་ཅོ་ཞེས་རྒྱུ་སྐུད་གཉིས་འདོགས་ས་དང་སྒྲའི་ལྕི་ཡང་ཚོད་འཛིན་སའི་དབྱུག་པ་གཉིས་ཡོད་པ་རེད།བྲ་ལས་ཕྱིར་རྒྱུ་སྐུད་གཉིས་པི་ཝང་གི་རྭ་ཅོའི་མགོར་འཐེན་ཞིང་།

ཁམས་པའི་པི་ཝང་ངོ་སྤྲོད་མདོར་བསྡུས།

རྒྱུ་སྐུད་དེ་གཉིས་ལས་སྦོམ་པ་ལ་ཕོ་སྐུད་དང་།ཅུང་ཕྲ་བ་ལ་མོ་སྐུད་ཞེས་ཟེར་ལ་རྟའི་རྔ་སྤུ་བཀོལ་ནས་བཟོས་བ་ཡིན་པས།དེར་སྒྲ་སྙན་ཞིང་ཅུང་སྦོམ་ཞེད་ཅིག་ཡོད་པས་འབའ་གཞས་དཀྲོལ་འཁྲབ་གྱི་ཡིད་ཡུལ་མཉམ་སྣང་ལེགས་པོ་དང་།ཁམས་པའི་མི་ཆེན་བྲོ་རྒོད་ཀྱི་ཁྱད་ཆོས་ཡང་མངོན་ཐུབ་པ་རེད།བྲའི་ཐོག་གི་རྒྱུ་སྐུད་འདེགས་བྱེད་ལ་སྒ་ཞེས་ཟེར་བ་ཡིན།རྒྱུ་སྐུད་འཐེན་བྱེད་དམ་ཡང་ན་དཀྲོལ་བྱེད་ལ་གཞུ་ཞེས་གཞུའི་རྣམ་པ་དང་འདྲ་བོ་ཞིག་ཡིན་ལ།དེའི་སྐུད་པ་ལ་གཞི་སྐུད་ཟེར་ཞིང་རྟ་རྔས་བཟོས་པ་ཡིན།ཁམས་ཁུལ་གྱི་པི་ཝང་གི་ཕྱིའི་བཟོ་དབྱིབས་ནི་ཕལ་ཆེར་གཅིག་འདྲ་ཡོད་ཅིང་།གཙོ་བོ་མི་འདྲ་ས་རེ་ཡོད་པ་ནི་སྐེའི་རིང་ཐུང་དང་།ས་ཕྱོགས་སོ་སོའི་ཡུལ་གྱི་དགའ་མོས་དང་སྲོལ་མི་འདྲ་བར་རྒྱན་གྱི་རི་མོ་འགོད་སྟངས་ཀྱི་ཁྱད་པར་སོགས་ཡིན།

ཁམས་པའི་པི་ཝང་ངོ་སྤྲོད་མདོར་བསྡུས།

སྤྱིར་ན་པི་ཝང་འདི་ནི་བོད་ཀྱི་ཁམས་ཕྱོགས་སྟེ།སྨར་ཁམས་དང་འབའ་ཐང་།བདེ་ཆེན་སོགས་བོད་ཤར་ལྷོ་ཡི་ཁམས་ཁུལ་ན་རས་པའམ་འབའ་གཞས་དང་མཉམ་པོར་དར་ཁྱབ་བྱུང་ཡོད་པ་རེད།། 
  • ལེ་ཚན་སྔོན་མ།:སྒྲ་སྙན་གྱི་སྒྲིག་གཞི་དང་དབྱེ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།