སྒྲ་སྙན་གྱི་བཤད་པ་མེས་པོའི་ཞལ་ལུང་།

འབའ་ཐང་རྫོགས་ཆེན་གླིང་དོགས་རྟོགས་སྤྲུལ་སྐུ།    དམངས་ཁྲོད།    2010-05-27

འགྲོ་བ་མིའི་རིགས་ཆགས་པ་ནས་བཟུང་ཁ་བ་རི་བའི་མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་
དྭངས་མ་ལས་བྱུང་བའི་གླུ་གར་གྱི་རིག་རྩལ་རྒྱ་མཚོ་ལྟ་བུའི་ནང་དུ།བོད་རིགས་ཀྱི་ཁྱད་ཆོས་ལྡན་
པའི་པི་ཝང་རྒྱུད་གཉིས་མ་སྟེ་ཡོངས་གྲགས་སུ་སྒྲ་སྙན་ཞེས་འབོད་པ་དེའི་བཤད་པ་ཅུང་ཟད་བྱས་ན།
སྒྲ་སྙན་ཆོས་གྲགས་རྒྱ་མཚོ།།
མི་དགོས་དགུ་དགོས་ཡིན་གྲགས།།
ཕོ་ཤིང་སྟག་མ་དགོས་གྲགས།།
མོ་ཤིང་གླང་མ་དགོས་གྲགས།།
གསེར་གྱི་སྒ་ཞིག་དགོས་གྲགས།།
དངུལ་གྱི་གཅུར་ཕུར་དགོས་གྲགས།།
རེའུ་ཙིའི་ལྤགས་པ་དགོས་གྲགས།།
ཟིང་རྟའི་རྔ་མ་དགོས་གྲགས།།
ཞེས་པའི་གཞས་ཚིག་ལས་སྒྲ་སྙན་ལ་དགོས་པའི་རྒྱུ་ཆ་ཧ་ལམ་རྟོགས་ཐུབ།ཡིན་ན་ཡང་དེང་སང་རྒྱུ་ཆ་དེ་ནང་བཞིན་ལས་བཟོས་པའི་སྒྲ་སྙན་ནི་ཧ་ལམ་མེད་ཟེར་ན་ཡང་ཆོག་མོད། དུས་ཕྱིས་གླུ་གར་སྒྱུ་རྩལ་པ་སོ་སོས་རང་རང་གིས་རྣམ་དཔྱོད་ལ་བརྟེན་ནས་ཕྱི་ནང་གི་བཟོ་དབྱིབས་དང་མཛེས་རིས་སོགས་གང་ཅིའི་ཐད་ནས་སྤུས་གཙང་ཞིང་ཡིད་དབང་འཕྲོག་པའི་སྒྲ་སྙན་བཟོ་དང་བཟོ་བཞིན་ཡོད།
དེ་ཡང་འཇིག་རྟེན་འདི་ལ་སྲིད་པ་ཞེས་མི་སྲིད་པ་གང་ཡང་མེད་པ་ན་སྲིད་པ་ཞེས་བཏགས་ཤིང་སྲིད་པའི་དངོས་པོ་ཐམས་ཅད་ཀྱང་ཕོ་མོའི་རང་བཞིན་ལས་གྲུབ་པ་ཤ་སྟག་ཡིན་ཏེ།སྒྲ་སྙན
་ཡང་ཕོ་ཤིང་དང་མོ་ཤིང་ཕོ་སྐུད་དང་མོ་སྐུད་ལས་གྲུབ།དེ་ལྟར་གྲུབ་པའི་རྒྱུ་མཚན་ཡང་ཕོ་ནི་ཐབས་ཤེས་ཀྱི་རང་བཞིན་ཡིན་ལ་མོ་ནི་ཤེས་རབ་ཀྱི་རང་བཞིན་དུ་གནས་པས་ཐབས་ཤེས་ཟུང་འཇུག་གིས་བརྡ་བསྟན་པའི་མཚོན་བྱེད་ཡིན།
དཔེར་ན་ཆོས་ཀྱི་སྒོམ་སྒྲུབ་ལ་གཞོལ་བའི་དབང་དུ་བཏང་ན། སེམས་གཅུན་གྲིམ་ཆེ་ན་བྱིང་འཐིབས་ཀྱི་དབང་དུ་ཤོར་ཞིང་སེམས་གཅུན་ལྷོད་དྲག་ན་རྣམ་གཡེང་ངང་དུ་ཤོར་འགྲོ་བས་གང་ལྟར་ཡང་སེམས་ལ་བརྟན་པ་མི་ཐོབ།བླ་མ་གོང་མ་རྣམས་ཀྱིས་སེམས་གྲིམ་ལྷོད་རན་པར་བྱས་ནས་སེམས་ཀྱི་རྒྱུན་སྐྱོང་དགོས་ཞེས་གསུངས་པས་གནད་ཤིན་ཏུ་ཆེ།  དེ་ལྟར་སྒྲ་སྙན་བཀྲོལ་བ་པོ་ཁོང་རང་གིས་པི་ཝང་གི་དྲག་ལ་སྦོམ་པའི་སྐད་འདོན་པའི་ཕོ་རྒྱུད་དང་་ཞན་ལ་ཕྲ་བའི་སྐད་འདོན་པའི་མོ་རྒྱུད་གྱི་སྐད་གདངས་གྲིམ་ལྷོད་རན་པར་བཟོས་པའི་རྨང་གཞི་ཐོག་སྒྲ་སྙན་འཁྲོལ་དུས་ལག་པའི་རྩོལ་ཤུགས་ཀྱང་དམ་ལྷོད་རན་པོ་བྱས་ནས་ཐབས་ཤེས་ཟུང་འབྲེལ་གྱིས་གཞས་གདངས་བཀྲོལ་བ་ཡིན་ན་རྣ་བར་སྙན་ཞིང་ཡིེད་སེམས་དབང་མེད་དུ་འགུགས་ཐུབ་པ་སྨོས་མ་དགོས་པ་རེད།  
དེ་ལས་ལྡོག་ན་རྣ་བ་སུན་པའི་རྒྱུ་རུ་ཟད་དོ།།
སྒྲ་སྙན་ལག་གིས་བཀྲོལ་པ་མ་ཡིན་སེམས་ཀྱི་བཀྲོལ་པ་ཡིན་ཟེར་བ་ལྟར་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ལ་སེམས་རྣལ་མོས་རྩེ་གཅིག་ཏུ་འཇུག་ནུས་ན་གྲུབ་འབྲས་མྱུར་དུ་ཐོབ་པ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ལོས་ཡིན།  དེ་ལྟ་བས་ན་སྒྲ་སྙན་ནི་རོལ་མོའི་རིག་བྱེད་ཀྱི་ཡོ་བྱད་ཙམ་ལ་གོ་བ་མི་བླངས་པ་དེའི་ནང་ལ་
གོ་རྒྱུ་ཆེན་པོ་ཡོད་པ་ཡང་ཤེས་ན་ལེགས་སོ།།

  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།: རྔ་བོ་ཆེ།