ཞི་ཅིན་ཕེན་གྱིས་ཧྲིན་དབྱང་གཡུལ་འགྱེད་ཁུལ་དམག་དཔུང་གི་བྱ་བར་རྟོག་ཞིབ་མཛད།

ཀླུ་འབུམ་བྱམས།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-09-02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བ་བསྡུ་བའི་མཛད་སྒོར་མ་ཞུགས་པའི་སྔོན་ལ། ཆེད་དུ་ཧྲིན་དབྱང་གཡུལ་འགྱེད་ཁུལ་དམག་དཔུང་གི་བྱ་བར་གཟིགས་ཞིབ་མཛད།

    ཁོང་གིས་ཏང་གི་གནས་བབ་གསར་བའི་འོག་ཏུ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལག་བསྟར་དང་དངོས་འབེབས་ལེགས་པོ་བྱེད་པ་དང་། དམག་དཔུང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་། འགན་འཁྲི་དང་ལས་འགན་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་་ཕན་བཅས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

    ཞི་ཅིན་ཕེན་གྱིས་རང་རྒྱལ་གྱི་གནམ་གྲུའི་མ་གྲུ་ཐོག་མའི་འཛུགས་སྐྲུན་དང་དམག་དཔུང་གི་དམག་སྦྱོང་བྱ་བར་ཧ་ཅང་ཐུགས་ཁུར་གནང་། ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། ཁོང་གནམ་གྲུ་ལས་བབས་མ་ཐག་ཆར་བར་མ་འཛེམ་པར་མཚོ་དམག་ག་གེ་མོའི་གྲུ་ཐོག་འཐབ་འཛིང་གནམ་གྲུའི་ཕྱོགས་བསྡུས་ཚོད་འཕུར་སྦྱོང་བརྡར་རྟེན་གཞི་ལ་ཕེབས་ཏེ། གྲུ་ཐོག་འཐབ་འཛིང་གནམ་གྲུ་ཡར་འཕུར་མར་འབབ་ཀྱི་སྦྱོང་བརྡར་གནས་ཚུལ་དང་། འབྲེལ་ཡོད་སྒྲིག་ཆས་ལ་གཟིགས་ཞིབ་གནང་། ཞི་ཅིན་ཕེན་གྱིས་བརྩེ་བའི་ངང་གྲུ་ཐོག་བཀོད་འདོམས་པ་དང་ཚོད་ལྟའི་འཕུར་སྐྱོད་པ། གྲུ་ཐོག་འཐབ་འཛིང་གནམ་གྲུའི་ཁ་ལོ་བ་སྐོར་དང་པོར་ཐུག་འཕྲད་བྱས་པ་དང་། འཕུར་སྐྱོད་པ་ཚོས་རྙོག་འཛིང་ཆེ་བའི་ནམ་ཟླའི་ཆ་རྐྱེན་འོག་ངོམ་པའི་རྩེར་སོན་ལག་རྩལ་ལ་གདེང་འཇོག་མཐོན་པོ་གནང་། ཞི་ཅིན་ཕེན་གྱིས་ད་དུང་གྲུ་ཐོག་འཐབ་འཛིང་གནམ་གྲུའི་ཇུས་འགོད་དང་ནུས་བའི་སྐོར་གྱི་མཚམས་སྦྱོར་ལ་ཞིབ་ཏུ་ཉན་པ་དང་། འབྲེལ་ཡོད་ལག་རྩལ་མི་སྣས་འཐབ་འཛིང་གནམ་གྲུའི་ཚོད་ལྟའི་འཕུར་སྐྱོད་གཞི་གྲངས་ལ་ནན་ཏན་གྱིས་དབྱེ་ཞིབ་བྱས་ཏེ། རྒྱུན་ཆད་མེད་པར་ཚན་རྩལ་གྱི་ཡང་རྩེར་བསྙེག་དགོས་པའི་ཐུགས་རེ་བཏོན།

    ཉིན་དེའི་ཕྱི་དྲོར་ཡང་། ཞི་ཅིན་ཕེན་ཆར་བའི་ཁྲོད་ནས་ཏ་ལེན་གྲུ་ཁར་བསྡད་ཡོད་པའི་ལེའོ་ཉིན་རྟགས་ཅན་གྱི་དམག་གྲུའི་སྟེང་ཕེབས། ཞི་ཅིན་ཕེན་གྱིས་མཚོ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་རྗེས། དམག་གྲུའི་སྟེང་གི་མཚོན་ཆ་དང་སྒྲིག་ཆས་ལ་གཟིགས་པ་དང་། དམག་འཐབ་ལག་རྩལ་བྱེད་ནུས་དང་། དཔོན་དམག་གི་བྱ་བ་དང་དམག་སྦྱོང་གནས་ཚུལ་ལ་རྒྱུས་ལོན་མཛད། དམག་གྲུ་དང་ཁ་གྱེས་སྐབས། ཁོང་གིས་ལེའོ་ཉིན་རྟགས་ཅན་གྱི་དམག་གྲུའི་གྲུ་དཔོན་དང་ཆབ་སྲིད་ཨུ་ཡོན་ལ། ཁྱེད་ཚོས་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། སྟོབས་དང་ལྡན་པའི་མི་དམངས་མཚོ་དམག་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་ཞལ་ཏ་གནང་།

    སྤྱི་ཟླ8པའི་ཚེས29ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་ཧྲིན་དབྱང་དམག་ཁུལ་ལས་ཁུངས་སུ་ཕེབས་ཏེ། ཧྲིན་དབྱང་བཅའ་སྡོད་དམག་དཔུང་གི་ཁྲི་དཔོན་ཡན་གྱི་ལས་བྱེད་པར་ཐུག་འཕྲད་གནང་བ་དང་། ཧྲིན་དབྱང་དམག་ཁུལ་གྱི་བྱ་བའི་ཡར་ཞུ་ལ་ཉན། ཞི་ཅིན་ཕེན་གྱིས་ཉེ་བའི་ལོ་འགར་ཧྲིན་དབྱང་དམག་ཁུལ་གྱིས་དམག་དཔུང་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བར་མ་ཟད། ཏང་གི་གནས་བབ་གསར་བའི་འོག་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལག་བསྟར་དངོས་འབེབས་བྱེད་རྒྱུ་དེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་། རང་རེའི་དམག་དཔུང་གིས་འགན་འཁྲི་དང་ལས་འགན་ལག་བསྟར་བཟང་བོ་བྱེད་པར་འབྲེལ་བ་ཡོད་པས། དམག་དཔུང་གིས་དུས་ནམ་ཞིག་གི་ཚེ་དང་གནས་ཚུལ་ཅི་འདྲའི་འོག་ཏུ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་དགོས། རྒྱ་ཆེའི་དཔོན་དམག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་བརྩོན་སེམས་རང་བཞིན་དང་རང་རྟོག་རང་བཞིན། གསར་སྐྲུན་རང་བཞིན་འདོན་སྤེལ་བྱས་ཏེ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ངེས་པ་དོན་གྱིས་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་ནན་གྱིས་བསྟན། །

  • ལེ་ཚན་སྔོན་མ།:ཙོང་ཆུའི་བཞུར་རྒྱུད་ཀྱི་མུའུ་ཁྲི་བརྒྱའི་མིས་བཟོས་ནགས་ཚལ་རྟེན་གཞི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱ
  • ལེ་ཚན་རྗེས་མ།:ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨུ་ལུམ་ཆི་གྲོང་ཁྱེར་དུ་ས་ཡོམས་རིམ་པ་ལྔ་དང་གྲངས་ཆུང་གཅིག་བརྒྱབ།
  • དོ་སྣང་ཆེ་བའི་རྩོམ།