ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟླ་བཅུ་གཅིག་པར་འཚོགས་རྒྱུ་ཐག་བཅད།

ཀླུ་འབུམ་བྱམས།        2013-08-30

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ8པའི་ཚེས28ཉིན་གྲོས་ཚོགས་བསྡུས་ཏེ།ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་ད་ལོའི་ཟླ11པར་པེ་ཅིན་ནས་འཚོགས་རྒྱུ་ཐག་བཅད།གྲོས་རིམ་གཙོ་བོ་ནི།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བྱ་བའི་སྙན་ཞུ་ཕུལ་ཏེ།ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་མོ་བྱེད་པའི་གནད་དོན་འགངས་ཆེན་ཐད་ཞིབ་འཇུག་བྱེད་རྒྱུ་དེ་རེད།གྲོས་ཚོགས་སྟེང༼རུལ་སུངས་ལ་ཁྲིམས་ཆད་ནན་མོ་གཅོད་པ་དང་རུལ་སུངས་སྔོན་འགོག་མ་ལག་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་བའི2013ལོ་ནས2017ལོའི་བར་གྱི་བྱ་བའི་འཆར་འགོད༽ཅེས་པ་དང།༼ས་གནས་སྲིད་གཞུང་གི་འགན་ནུས་ལེགས་སྒྱུར་དང་ལས་ཁུངས་བཅོས་སྒྱུར་སྐོར་གྱི་བསམ་འཆར༽ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་།ཀྲུང་གོ(ཧྲང་ཧེ)རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་སྒྲིག་འཛུགས་བྱ་བའི་ཡར་ཞུ་ལ་ཉན།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཚོགས་ཐོག་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་མོ་བྱེད་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་དེ།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་ལ་ཕབ་པའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རླབས་ཆེན་ཇུས་གཞི་མྱུར་དུ་འགོད་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་དེ་འཕེལ་རྒྱས་སུ་གཏོང་བ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་ཆད་མེད་པར་རང་སྟེང་ནས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ།རང་རྒྱལ་འཕེལ་རྒྱས་ཐད་ཀྱི་འབུར་དུ་ཐོན་པའི་འགལ་བ་དང་འགྲན་རྩོད་ཐག་གཅོད་པ།དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་གོང་འཕེལ་འབྱུང་བ་བཅས་ཕྱོགས་གང་ཅིའི་ཐད་བཅོས་སྒྱུར་ཟབ་མོ་བྱེད་དགོས་པར་འདོད།
ཚོགས་ཐོག་ནས་རུལ་སུངས་ལ་ཁྲིམས་ཆད་ནན་མོ་གཅོད་པ་དང་དེ་སྔོན་འགོག་བྱེད་པའི་མ་ལག་ཕྱོགས་ཡོངས་ནས་འཛུགས་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འགན་འཁྲི་ཡིན་པས།ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ཁྲོད་དུ་ཇུས་འགོད་དང་ལག་བསྟར་བྱེད་དགོས་ཞེས་བསྟན་པར་མ་ཟད།ཏང་ཡོངས་ཀྱིས་བསམ་བློ་དང་བྱ་འགུལ་གཉིས་ཀྲུང་དབྱང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་ལ་བརྡར་ཤ་བཅད་པ་དང་རེ་བ་དང་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་རྒྱུ་དང་།རུལ་སུངས་རྒྱ་ཡན་དུ་འགྲོ་བར་གཏན་འགོག་བྱེད་པ་དེ་ལས་འགན་གཙོ་བོ་དང་བྱ་བའི་དམིགས་འབེན་དུ་བརྩི་བ།རུལ་སུངས་པ་ཆེ་ཆུང་ཀུན་ལ་མཉམ་དུ་ཆམ་ཕབ་གཏོང་བ་རྒྱུན་འཁྱོངས་དང་།ཏང་ཡོན་ལས་བྱེད་པའི་ཁྲིམས་འགལ་ལུགས་འགལ་གྱི་གྱོད་གཞི་རྩད་གཅོད་ནན་མོ་བྱེད་དགོས་པ་ནན་གྱིས་བསྟན།
ཚོགས་ཐོག་ནས་ས་གནས་སྲིད་གཞུང་གི་འགན་ནུས་ལེགས་སྒྱུར་དང་ལས་ཁུངས་བཅོས་སྒྱུར་བྱེད་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་འགངས་ཆེན་ཞིག་ཡིན་པས།ས་གནས་སྲིད་གཞུང་གི་འགན་ནུས་ལེགས་སྒྱུར་དང་ལས་ཁུངས་བཅོས་སྒྱུར་བྱེད་སྐབས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་།ཏིན་ཞའོ་ཕེན་གྱི་རིགས་གཞུང་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲིད་འཛིན་སྒྲིག་སྲོལ་འཛུགས་པའི་དམིགས་འབེན་ལ་གཞིགས་ཏེ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་དང་འགན་ནུས་ལེགས་སྒྱུར་བྱེད་པར་འབྲེལ་མཐུད་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གོང་དུ་སྤེལ་བའི་དགོས་མཁོར་མཐུན་ཐབས་བྱེད་དགོས་ཞེས་བསྟན།
ཚོགས་ཐོག་ནས་ཀྲུང་གོ(ཧྲང་ཧེ)རང་མོས་ཉོ་ཚོང་ཁུལ་འཛུགས་པ་ནི།ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་འཕེལ་ཕྱོགས་ཆེན་པོ་གཞིར་བཟུང་སྟེ།གནས་བབ་གསར་བའི་འོག་ལག་བསྟར་བྱེད་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་འགངས་ཆེན་ཞིག་ཡིན་པས།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་།ཧྲང་ཧེ་གྲོང་ཁྱེར་གྱིས་རྩ་འཛུགས་དང་ལག་བསྟར་ཞིབ་མོ་བྱེད་པ།འབྲེལ་ཡོད་སྡེ་ཁག་གིས་དེ་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཏེ།ཚོད་ལྟའི་ཁུལ་འཛུགས་སྐྲུན་ལེགས་པོ་དང་།དོ་དམ་ལེགས་པོ་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་བསྟན།།
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་མདོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ད
  • དོ་སྣང་ཆེ་བའི་རྩོམ།