དབྱར་གསེང་སྐབས་རྫ་སེར་ཤུལ་དགོན་དུ་མཇལ་བསྐོར་སོང་བའི་མྱོང་ཚོར།

ལྕང་ཞབས་པ་འགྱུར་མེད་ཚེ་དབང་།        2013-08-09

དབྱར་གསེང་སྐབས་རྫ་སེར་ཤུལ་དགོན་དུ་མཇལ་བསྐོར་སོང་བའི་མྱོང་ཚོར།

༡ སེར་ཤུལ་དགོན་དང་སེར་ཤུལ་ཁྲི་བ།
    ཐེངས་འདིར་སེར་ཤུལ་དགོན་ཆེན་གྱི་ཁྲི་འཛིན་སེར་ཤུལ་ཁྲི་བ་རིན་པོ་ཆེ་དང་དུས་ཚོད་གང་འཚམ་གྱི་སྐད་ཆ་བཤད་རྒྱུ་བྱུང་། གསུང་གི་ནང་ནས་གཅེས་སུ་འོས་པ། དོན་གྱི་གནད་འདུས་པ། ཆེས་ཟབ་པའི་ཐུགས་ཀྱི་གསང་བ། གནད་རྡོག་རྡོག་གཅིག་ལ། ཁོང་གིས་ལས་དོན་གང་ཞིག་སྒྲུབ་རུང་གཙོ་བོ་མི་སྣ་ལ་ཐུག་འདུག མི་ནི་རྩ་བ་རེད། མི་ཤེས་འཇོན་གཉིས་ལྡན་ཞིག་ཡོད་ན། དེ་ག་རང་གིས་ལས་དོན་འགྲུབ་ཚར་བ་རེད། ཨ་མེ་རི་ཀ་དེ་འཛམ་གླིང་ན་གང་ཐད་ནས་ཨང་དང་པོར་ཆགས་པ་ལ། ཐོག་མ་མི་གཅིག་གི་ཤེས་འཇོན་དེ་ག་རང་ཡིན་རྒྱུ་རེད་གསུངས། ཁོང་ལ་མི་ཤེས་ཤེས་འཇོན་ཅན་ངོ་སྤྲོད་བྱེད་རྒྱུ་ཡོད་ན་དཔེར་མེད་བཟང་གི་གསུངས།དེ་ལྟར་ན་མི་གཞིའི་རིན་ཐང་ལ་བརྩི་འཇོག་ཆེ་ཞིང་། མི་ཤེས་འཇོན་གཉིས་ལྡན་ནི་ཁོང་གི་གྲོགས་སུ་གྱུར་ཡོད་པ་ལས་དགྲ་རུ་གྱུར་པ་མ་ཡིན་པའི་ཚུལ་ལ་ངེས་ཤེས་ཟབ་མོ་ཞིག་རྙེད་སོང་།
    ༢ སེར་ཤུལ་ཁྲི་བ་དང་སེར་ཤུལ་ཁྲི་བའི་རིན་ཐང་།
    རིན་ཐང་ནི་སེམས་ཀྱི་འཛིན་ཚུལ་ཞིག་རེད། རྒྱུ་མཚན་དེས་དངོས་པོ་གཅིག་ལ་ཡང་གང་ཟག་སོ་སོས་རིན་ཐང་ཆེ་ཆུང་མི་འདྲ་བ་རེ་འཛིན་གྱི་ཡོད། ཁྱད་པར་དུ་དགོན་པ་དང་དགོན་པའི་སྤྲུལ་སྐུ་གཉིས་ལ་ཆ་མཚོན་ནས་བཤད་ན། དགོན་པ་དར་རྒྱས་བྱུང་ན་དགོན་པའི་སྤྲུལ་སྐུའི་རིན་ཐང་ཡིན་པ་དང་། དགོན་པའི་སྤྲུལ་སྐུ་སྐུ་བསོད་དབང་ཐང་དར་ན། དགོན་པ་དར་རྒྱས་བྱུང་བ་ཡིན་ཚེ། སྤྲུལ་སྐུ་དང་དགོན་པ་གཉིས་གཞི་གཅིག་ཏུ་འབྲེལ་བའི་རྟགས་བསྟན་པ་ཡིན། དཔེར་ན་ཐོབ་དང་གོ་ས་ཡོད་མཁན་ཞིག་གིས་ཐོབ་དང་གོ་ས་དེ་ཉིད་རིན་ཐང་དུ་འཛིན་ནས། ཐོབ་དང་གོ་ས་དེ་དང་དོན་དངོས་གཉིས་མཐུན་པ་ཞིག་ཆགས་ན། དེ་ག་རང་གིས་བྱ་བ་འགྲུབ་ཚར་བ་ཡིན་པས། རིན་ཐང་ཡང་ཡོད་ལ་རང་གཞན་གཉིས་ཀའི་དོན་ཡང་འགྲུབ་ཚར་བ་ཞིག་རེད།
    འོ་ན་ཐོབ་དང་གོ་ས་དེ་ཉིད་ཀྱི་སྟེང་དུ་བརྟན་པོར་གནས་པ་ལ། སྒེར་སེམས་ཉུང་ལ་སྤྱི་སེམས་མང་བ། སྒེར་དོན་གཉེར་རྒྱུ་ཉུང་ལ་ཐུན་མོང་གི་དོན་ལ་འབད་རྒྱུ་མང་བ། རང་གི་ཁོངས་སུ་གཏོགས་པའི་མི་སྣ་ལ་བདག་སྐྱོང་ལེགས་པ། རང་གི་གཉེར་བྱར་གྱུར་པའི་དོན་དེ་ཉིད་ལེགས་འགྲུབ་དང་། འཕེལ་རྒྱས་ཀྱི་ཆེད་དུ་འབད་འབུང་བྱེད་དགོས་པ་ཞིག་རེད། ད་ལམ་སེར་ཤུལ་དགོན་ནས་སེར་ཤུལ་ཁྲི་བ་དང་སེར་ཤུལ་ཁྲི་བའི་རིན་ཐང་དེ་སེར་ཤུལ་དགོན་དེ་ཉིད་ཀྱི་སྟེང་ནས་མཐོང་བྱུང་། རྒྱུ་མཚན་ནི་སེར་ཤུལ་དགོན་དང་སེར་ཤུལ་ཁྲི་བ་གཉིས་གཞི་གཅིག་ཏུ་སྦྲེལ་ཡོད་པའི་རྒྱུ་མཚན་གྱིས་རེད་འདུག དེར་བརྟེན་སེར་ཤུལ་དགོན་དར་རྒྱས་བྱུང་བ་དེ་ག་རང་གིས་སེར་ཤུལ་ཁྲི་བའི་རིན་ཐང་མངོན་ཡོང་གི་འདུག
    ༣ སེར་ཤུལ་དགོན་དང་ང་།
    དེ་ཡང་ད་རེས་དབྱར་དགོངས་ཀྱི་དུས་ཚོད་འདི་བེད་སྤྱད་ནས་རྫ་སེར་ཤུལ་དགོན་དུ་མཇལ་སྐོར་ཐེངས་གཅིག་སླེབས་སོང་། མཇལ་སྐོར་གྱི་རིང་ལ་དགེ་བའི་བཤེས་གཉེན་ཆེན་པོ་དང་བླ་སྤྲུལ་མཁན་གསུམ། གསོ་རིག་གྲྭ་ཚང་དང་གངས་རྒྱན་ལས་གཉེར་སློབ་གླིང་བཅས་པ་ལ་ཁ་ཏ་མང་པོ་བཟོ་བའི་གོ་སྐབས་བྱུང་། ཁ་ཏ་གང་ཞིག་བྱེད་པའི་རིང་ལ། རྣམ་པ་ལྷན་རྒྱས་ལ་རང་ཤུགས་ཀྱིས་གུས་བཀུར་དང་། བརྩི་བཀུར་གྱི་རྣམ་པའི་ཐོག་ནས་སྙན་ཞུ་བྱེད་པ་ལས། ང་ཆེ་ང་མཁས་སྙམ་པའི་བསམ་བློ་དང་རྣམ་རྟོག འཇིག་རྟེན་ན་ང་མ་གཏོགས་མི་མེད། ཨུ་མགོ་མ་གཏོགས་ཤ་མེད་སྙམ་པའི་ང་རྒྱལ་རི་རབ་ལས་ཆེ་ཙམ་པའི་བྱ་སྤྱོད་དག་རིང་དུ་དོར་བ་ཡིན་ལ། དོར་ཡང་དགོས་ཏེ་གུས་པ་རང་ལ་ཆ་མཚོན་ན། ཤེས་བྱའི་ཡུལ་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་ཤེས་རབ་རྭ་གྲི་རྡུག་ལ། བྱ་བ་སྤྱོད་ལམ་གྱི་ཆ་ལ་ཡང་སྐྱོན་མེད་ཡོན་ཏན་ལྡན་པའི་མི་དཀའ། འཛེར་མེད་དྲང་པོར་སྐྱེས་བའི་ཤིང་དཀོན་ཟེར་བ་ལྟར་སྐྱོན་ཡོད་ངེས་ལགས་པས། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་རང་ཚོད་རང་གིས་ཟིན་གྱི་ཡོད། དེར་བརྟེན་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་ཆོས་ཁྲིམས་ཇི་བཞིན་ཁུར་ཞིང་། གྲྭ་པ་མཉམ་ཆུང་ཚུལ་ལྡན་དག་ལ་འགྲོ་ཚོད་ཐུབ་ཚོད་ལྟ་བུའི་སྐད་ཆ་བཤད་མི་རུང་ལ། བཤད་ཀྱང་མི་སྤོབས། ང་རང་ཅི་འདྲ་ཞིག་ཡིན་ང་རང་གིས་ཤེས། ཁྱད་པར་དུ་མི་གཞིའི་རིན་ཐང་ལ་བརྩི་འཇོག་དགོས་ཤིང་། མི་གཞིའི་རིན་ཐང་ལ་བརྩི་འཇོག་མེད་པའི་སྤྱོད་ལམ་དེ་ནི། ཀླ་ཀློ་དང་། རྗེས་ལུས་དང་། མུན་ནག་གི་ལས་སུ་རིགས་པར་བྱ་ཞེས་ངས་ནམ་ཡང་བཤད་སྤོབས། སྤྱིར་དེང་དུས་ཤེས་རིག་རི་བོང་རྭ་ཡི་སྤུན་ཟླ་རུ་གྱུར་པ། རྣམ་རྟོག་རྩི་ཐོག་ལས་གྲངས་མང་བ། ཤེས་རིག་རེ་ཡོད་རུང་ཕྱོགས་རེ་བའམ་འབུ་ཉི་ཚེ་ནང་བཞིན་ཙམ་ལས་མེད་པ་ལ། ད་དུང་རིག་པའི་གནས་ཀྱི་བགྲོ་གླེང་གང་ཞིག་བྱེད་རུང་། ཐག་བཅད་དགོས། ཐག་གཅོད་པ་པོ་ང་ཡིན་དགོས། ངས་ཐག་མ་ཆོད་ན་སུས་ཐག་ཆོད་ཅེས་སྟག་མོ་འགྱིངས་འགྱིངས། སེངྒེ་ངར་ངར་བྱེད་པ་ཡང་མཐོང་ལ། གང་ཟག་དེ་རིགས་ཀྱིས་ནི་དམངས་གཙོ་དང་། འདྲ་མཉམ། གུ་ཡངས་སོགས་ཀྱང་མང་ཙམ་ཞིག་བཤད་ཀྱི་ཡོད་པ་རེད། གང་ལྟར་གུས་པས་སེར་ཤུལ་དགོན་དུ་མཇལ་སྐོར་བྱེད་རིང་། སེམས་པ་སྤྲོ་བ། ལུས་པོ་ཡང་བ། སྨྲ་བརྗོད་རང་དབང་གི་རྣམ་པའི་ཐོག་ནས་ཕན་ཚུན་གུས་བཀུར་དང་། ཕན་ཚུན་དྭངས་ཞེན་གྱི་རྣམ་པའི་ཐོག་ནས་སྐྱིད་པོ་རང་བྱུང་།
    ༤ སེར་ཤུལ་དགོན་དང་སློབ་གཉེར།
    སྤྱིར་སྔོན་མ་ཞིག་ནས་བཤད་སྟངས་དང་། དོན་གྱི་གནས་སྟངས་གཉིས་ཀའི་ཆ་ནས་བོད་ཀྱི་དགོན་སྡེ་ནི་བོད་ཀྱི་སློབ་གསོའི་ལྟེ་གནས་ཡིན་པའི་ཡིད་ཆེས་ཇེ་ཟབ་ཏུ་ཕྱིན། ཁྱད་པར་དུ་ད་ལམ་རྫ་སེར་ཤུལ་དགོན་དེ་ཆུ་བུར་མིག་གི་མཐོང་ལམ་དུ་གྱུར་ཚེ་དགོན་སྡེ་དེ་སློབ་གསོའི་ལྟེ་གནས་ཡིན་པའི་ངེས་ཤེས་ཇེ་མཐོར་བྱུང་སོང་། དཔེར་ན་སེར་ཤུལ་དགོན་ལ་ཆ་མཚོན་ནས་བཤད་ན། མཚན་ཉིད་གྲྭ་ཚང་ལ། ནང་དོན་རིག་པ་དང་། ཚད་མ་རིག་པ་སྨྲོས་མ་དགོས་པའི་གཙོ་བོའི་སྦྱང་བྱ་ཡིན་པ་དང་། དེ་བཞིན་དུ་བརྡ་སྤྲོད་དང་། རྩོམ་རིག ལོ་རྒྱུས། སེམས་ཁམས་རིག་པ། ཁྲིམས་ཡིག་སོགས་ཀྱང་སྦྱོང་དགོས་ཀྱི་འདུག མཚན་ཉིད་གྲྭ་ཚང་དེ་སྒྲིག་ལེགས་པ། འཆད་ཉན་བཟང་བ། ཡར་ཐོན་ཆེ་བ་སོགས་ཀྱི་དགེ་མཚན་ཁྱད་པར་ཅན་བདོག ཁྱད་པར་དུ་ཆོས་ར་དེར་དགེ་བའི་བཤེས་གཉེན་གསེར་ནག་གི་རི་མགོ་ལྟ་བུ་མང་པོ་ཞིག་བཞུགས་པར་མ་ཟད། དེ་དག་ཀྱང་ལྷག་བསམ་དཀར་བ། ངང་རྒྱུད་བརྟན་པ། རྒྱུན་བཞུགས་དང་། རྒྱུན་ཁྲིད་ཀྱི་བྱ་བར་གཉེར་སྟངས་ལེགས་པས། ནང་གྲྭ་ལས་ཀྱང་ཕྱི་གྲྭ་མང་བ། ནང་གྲྭ་ལས་ཀྱང་ཕྱི་གྲྭ་ལ་མཐོང་ཆེན་གནང་བ། རང་དགོན་རང་མགོ་བུད་པར་མ་ཟད་གཞན་མགོ་ཕུད་པའི་བྱ་བ་གཉེར་སྟངས་ལེགས་སྟབས། མདོ་དབུས་ཁམས་གསུམ་སོགས་ཕྱོགས་བཞི་མཚམས་བརྒྱད་ནས་སྐལ་ལྡན་གྱི་སློབ་བུ་པདྨའི་ཚལ་ན་བུང་བ་འཁོར་བ་བཞིན་ཕྱི་གྲྭ་ཆིག་སྟོང་ལྷག་བཞུགས་པ་དང། དེ་དག་ལ་ཆེ་བཀུར་དང་། འཚོ་བའི་མཐུན་རྐྱེན་ལེགས་པར་སྟེར་ཞིང་། གནས་བཟང་གྲོགས་བཟང་གིས་ཕྱི་གྲྭ་ནང་གྲྭ་གྲངས་མང་ཞིག་སློབ་སྦྱོང་ལ་རྒྱུན་བསྲིངས་ཐུབ་པ་སོགས་ཀྱི་དགེ་མཚན་ཁྱད་པར་ཅན་ཡོད། མདོར་ན་ཆོས་གྲྭ་དེར་རྒྱུན་བཞུགས་སློབ་མ་གྲངས་སྟོང་ཕྲག་གཉིས་ལས་བརྒལ་བ་ཞིག་གིས་ནང་པ་སངས་རྒྱས་པའི་ཆོས་ལ་ལྟ་སྒོམ་སྤྱོད་གསུམ་ཚུལ་བཞིན་བྱས་ཏེ། ཐོབ་བྱར་གྱུར་པའི་ཆོས་ཀྱི་དོན་སྙིང་དེ་ཐོབ་པར་བྱེད་ཀྱི་འདུག
    ཁྱད་པར་དུ་ངོམ་དུ་རི་བ་ཞིག་ལ།  ཕོ་རྒོད་ལོ་ན་གཞོན་པ་དེ་དག་ཀུན་ལ་སེར་ཤུལ་དགོན་གྱིས་གཟིགས་པ་ཆེན་པོས་སྒོ་ཀུན་ནས་སྐྱོང་བའི་ཚུལ་ནི། དེ་དག་བསྡུས་ནས་འཛིན་གྲྭར་བཙུགས། སློབ་གསོ་བྱས་པས་མི་ཡ་རབས་དང་། རིག་གནས་ཅན་ལ་བསྒྱུར་ཐུབ་པ་བྱུང་བས། སྤྱི་ཚོགས་ཀྱིས་གདེང་འཇོག་མཐོན་པོ་ཐོབ།    སེར་ཤུལ་དགོན་གྱིས་རང་འགན་རང་འཁྲིས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ།འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་ལས་གསུམ་གྱིས་འཇུག་པ་ཕུལ་དུ་ཕྱིན་པར་མ་ཟད། མ་སྐུལ་དང་བླང་གིས་སྤྱི་ཚོགས་ལ་ཕན་པའི་སློབ་གསོའི་དབུགས་དབྱུངས་བསྩལ་བའི་ཚུལ་ནི། གསོ་རིག་གྲྭ་ཚང་དང་། གངས་རྒྱན་ལས་གཉེར་སློབ་གླིང་ཞེས་བཟོ་གསོ་གཉིས་ཀྱི་འཛིན་གྲྭ་བསྡུས་ནས་སློབ་གསོ་ཚུལ་བཞིན་བྱས་ཏེ། མི་རྩ་བར་འཛིན་ཏེ་མི་ཚེ་དོན་དང་ལྡན་པ། དལ་འབྱོར་ལ་སྙིང་པོ་ལེན་པའི་ཆེད་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱེད་ཀྱི་འདུག

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་བྲག་ཕུག་རྩིག་བཟོ།
  • ལེ་ཚན་རྗེས་མ།:རྡོ་རིང་པཎྚི་ཏ་དར་མདོ་ནས་ཁྲིན་ཏུར་སླེབས་པའི་མཐོང་ཐོས།
  • དོ་སྣང་ཆེ་བའི་རྩོམ།