2017-05-05
དེ་ནས་མི་ཉག་གི་ཆུ་བོ་ཆེན་པོའི་སྟེང་དུ་ལྕགས་ཐག་ལ་རྒྱའི་གྲུ་ཁ་ཤས་ཟམ་དཔུང་གི་གོ་ཆོད་དུ་བསྒྲིགས་པའི་ཁར་སྤང་ལེབ་བསྒྲིགས་པའི་སྟེང་དུ་རྟ་དང་རྒྱབ་ཁལ་རྣམས་འབེབས་མི་དགོས་པ་སོགས་བཀོད་པས་ཁྱད་པར་འཕགས་པའི་གྲུ་ཟམ་བརྒྱུད་དར་རྩེ་མདོར་འབྱོར་བ་ན་ལྕགས་ལ་རྒྱལ་པོས་སྣེ་ཤན་དུ་མགྲོན་གཉེར་ཆེད་བསྩལ་གྱིས་སྡོད་གནས་གྲ་སྒྲིག་དང་། འཚེར་ཆས། ཟུར་གསོས་སོགས་སྣེ་ལེན་ཟབ་རྒྱས་བསྩལ་ཅིང་། མགར་ཐར་མཁན་པོ་ཆོས་གྲགས་ཀྱང་ངོས་འཕྲད་ལ་འབྱོར་ནས་དར་རྩེ་མདོར་བཅའ་ཞག་གཅིག་བསྡད། དེ་ནས་ངེད་རང་ངོ་མ་གཉིས་པོ་འགྱོགས་བྱམས་རྒྱ་མིས་བཏེགས་པའི་ནང་དུ་གནས་ཤིང་། ཕན་ཚུན་གྱི་ཟླ་བོ་རྣམས་ལ་སྤྱན་ཁྲང་རྨཱ་ཟེར་བའི་རྒྱ་རྟ་ཆུང་ངུ་རེ་དང་། འགེལ་ཁལ་རྒྱ་དྲེལ་ཆེ་ལེགས་ཞེ་གཅིག་དང་བཅས་ཤེད་ཆེན་གྱི་མདའ་འཕངས་པ་ལྟར་སྐད་ཅིག་ལ་རྒྱ་ཡུལ་ཆུང་ཇུ་ཞན་སོགས་རིམ་བརྒྱུད་ཀྱིས་སྐྱོད་སྐབས་སྙུག་མའི་ནགས་ལྗོངས་རྒྱ་ཆེ་བའི་ལམ་ཁ་ཞིག་ཏུ་བླ་མའི་ཡང་སྲིད་ངོས་འཛིན་སྐོར་ལ་གནམ་བསྐོས་གོང་མ་ཆེན་པོས་དབྱིངས་བཅད་ཀྱིས་བསྩལ་བའི་གསེར་གྱི་བུམ་པ་སྐྱེལ་མི་ཕོ་བྲང་ནང་གི་ཨམ་བན་ཞིག་བོད་དུ་ཡོང་བ་དང་ཐུག་ཅིང་། རྒྱ་གཞུང་གི་སྡེ་སྣེ་ཟིན་ནས་པེ་ཅིང་ཕོ་བྲང་དུ་མ་སླེབས་བར་གྱི་ཚ་ཞག་ཚང་མར་རྒྱ་ལུགས་ཀྱི་བཟའ་བཅའི་རྣམ་གྲངས་མང་ཞིང་། ཁང་ཁུངས་སྡོད་མལ་སྐྱིད་པ་ལམ་བར་ཤད་རྩོལ་གྱིས་འགྲོ་དགོས་བྱུང་དུས་ཀྱང་མཚན་མོ་ལམ་མི་མཐོང་བའི་ཚེ་ས་ཚིགས་ཚང་མས་སྒྲོན་མེ་དང་། ཏིང་ལོ་སོགས་ཉིན་མོའི་དཀར་ཆ་དང་མཚུངས་པ་གྲ་སྒྲིག་བྱེད་ཅིང་གཉིད་ཀྱིས་མྱོས་དུས་ཀྱང་རྟ་ཐོག་ནས་ལྷུང་དོགས་ཀྱི་གཡེང་བ་མི་དགོས་པར་འགྱོགས་བྱམས་དང་། ཤིང་རྟ་སོགས་ཁང་ཁྱིམ་དང་མཚུངས་པ་བཀོད་པས་ཁྱད་པར་འཕགས་པའི་ནང་དུ་བློ་བག་ཕབ་ནས་ཉལ་ཆོག་པ་སོགས་གྲ་འགྲིག་ཅིང་། ངལ་བ་མེད་པར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་ནང་དུ་གསལ་བའི་དེ་བཞིན་གཤེགས་པ་ཆོས་འཕགས་ཀྱི་བཞུགས་ཡུལ་རྒྱ་ནག་ཟི་ཁྲོན་ཆིན་ཐུ་ཧུའི་གྲོང་ཁྱེར་ཆེན་པོར་བདེ་བར་འབྱོར་ནས་ཞག་གསུམ་སྡོད་སྐབས། ཡུལ་དེ་ནས་བོད་དུ་ཡོང་མྱོང་བའི་རྒྱ་མི་ཚོང་པ་དང་། དམག་མི་རྣམས་ཀྱི་རིགས་བརྒྱུད་བོད་དུ་སྐྱེས་ནས་རྒྱར་འཁྲིད་དེ་གཞིས་ཆགས་ཀྱིས་སྡོད་པའི་བོད་ཕྲུག་མང་བར་འདུག་པ་རྣམས་ནས་ཡུལ་ཞེན་གྱིས་ཉིན་གཅིག་ངེད་བོད་མི་ཚང་མར་རྒྱ་ལུགས་ཀྱི་སྟོན་མོ་ཟབ་རྒྱས་དང་འབྲེལ་བར་ཁྲང་གཞིའི་ལྟད་མོ་ངོ་མཚར་བ་དུ་མའང་སྟོན་ཅིང་། གྲོང་ཁྱེར་ཆེན་པོ་དེའི་ལྕགས་རིའི་ཕྱོགས་རེར་ཉིན་ལམ་ཐུང་ཕྱོགས་ཙམ་འགྲོ་དགོས་པ་ཤིན་ཏུ་རྒྱ་ཆེ་ཞིང་ལས་སྒོ་ཚོང་འདུས་ཀྱི་ཁྲོམ་ཚོགས་རྣམ་གྲངས་མང་ལ་འབྱོར་པ་ཆེ་བ། ལམ་ཆེན་ཐམས་ཅད་རྡོ་དཀར་ནག་གཉིས་ཁྲ་བསྒྲིགས་ཀྱི་གཡུང་དྲུང་ལག་འཁྱུད་ཞེ་གཅིག་གིས་མཛེས་ཤིང་འགྲོ་ལམ་བདེ་བ། ལམ་གྱི་གཡས་གཡོན་ཚང་མར་ཤུག་ནག་གྲལ་འགྲིགས་སུ་སྐྱེས་པའི་གྲིབ་བསིལ་གྱི་ཚ་བའི་གདུང་བ་སེལ་བ། ཡུལ་ལྗོངས་ཐམས་ཅད་བཟའ་ཤིང་གི་རྭ་བ་དང་། སྐྱེད་མོས་ཚལ་གྱིས་འཁོར་ཡུག་ཏུ་མཛེས་པའི་བར་མཚམས་རྣམས་སུ་ཁྲུས་ཀྱི་རྫིང་བུ་དང་། པདྨའི་མཚོ་ལ་གནས་པའི་ཆུ་བྱ་སྣ་ཚོགས་མགྲིན་པའི་རྫ་རྔ་བརྡུང་བ། གཞན་ཡང་འབྲས་ཞིང་དང་། སྙུག་མའི་ནགས་ལྗོངས་ཀྱི་གསེབ་ན་མ་ཧེ་ལ་སོགས་པའི་སྒོ་ཕྱུགས་རྣམས་གཅན་གཟན་གཏུམ་པོའི་གནོད་འཚེ་མེད་པར་བག་ཕེབས་སུ་གནས་པ། བུད་མེད་གཞོན་ནུ་མ་རྣམས་རྒྱ་མོ་རྐང་ཧྲིལ་མ་ཞེས་ཡོངས་སུ་གྲགས་པའི་དོན་ལྟར་ལོ་བརྒྱད་ལོན་མཚམས་ནས་རྐང་པ་ཆེ་རུ་མ་བཏང་བར་བསྟུམས་པ་ལ་བརྟེན་ནས་བགྲོད་བྱེད་ཀྱི་འདེགས་འཇོག་བསྒྱུར་དཀའ་བའི་རྣམ་འགྱུར་དང་ལྡན་ཞིང་། སྐྱེས་པ་ལ་ལ་སྒྱུ་རྩལ་གྱི་རྣམ་གྲངས་ལ་བྱང་ཞིང་གོམས་པར་བྱས་ནས་དམག་མི་བྱེད་པ་དང་། འགའ་ཞིག་ཚོང་ཁེ་སྤོགས་ལ་སྤྱོད་པ། བྱིངས་ཆེ་ས་ཞིང་གི་བསྐུལ་བེད་དང་། ལྗོན་ཤིང་གི་ལོ་འདབ་བརྩེགས་པའི་ཇ་སྦག་བཟོས་པ་རྣམས་ཁྱོན་སྒྲིལ་གྱི་འཁོར་དྲུག་དང་། ཇ་སྒམ་དུ་བསྒྲིལ་ཏེ་ཤིང་འཁོར་ལོ་གཅིག་པའི་སྟེང་དུ་ཇ་སྒམ་མང་བ་མངོན་མཐོར་བརྩེགས་པ་རྣམས་སྐྱེས་བུ་གཅིག་གི་ཤེད་སྟོབས་ཀྱིས་ངལ་བ་མེད་པར་དར་རྩེ་མདོ་ཕྱོགས་སུ་འདྲེན་བགྲོད་ཐུབ་པའི་ཐབས་འཕྲུལ་ཆེ་བ་ཤིན་ཏུ་མང་བས་ལམ་མི་ཐར་བ་ལྟ་བུ། རི་ལྡེབས་ནགས་ཁྲོད་སྙུག་མའི་བསིལ་ཁང་བཀོད་པས་མཛེས་པའི་ནང་དུ་རྒྱའི་ཧྭ་ཤང་སེམས་རྒྱུད་དུལ་བ་དུ་མས་ལྗོན་ཤིང་གི་འབྲས་བུ་བཟའ་བ་དང་། ཆུ་གཙང་བསིལ་བའི་བཏུང་བས་རི་དྭགས་ལྟར་གནས་པ། བྱ་དང་བྱིའུ་རྣམས་ལང་ཚོའི་ཁ་དོག་མཛེས་ཤིང་། གྲེ་འགྱུར་སྙན་པའི་གླུ་དབྱངས་ལེན་པ། ཤིང་འབྲས་ཆི་པ་ཁ་དང་། ཨ་མྲའི་ལྗོན་ཤིང་ལ་སོགས་པ་རྣམས་འབྲས་བུའི་ཁུར་གྱིས་དུད་ནས་མགོ་ལྕོག་རྣམ་པར་ལྡེམ་པ། ལུག་རྣམས་དཀར་རྐྱང་དང་། ར་རྣམས་ནག་རྐྱང་། མགྲིན་བཟང་ཐམས་ཅད་མགྱོགས་འགྲོ་ལས་ཀྱང་ལུས་སྟོབས་ཆེ་ཞིང་སྤུ་མདོག་ཀྱང་སྣ་ཚོགས་དང་ལྡན་པ། གཏི་མུག་གི་རིག་འཛིན་འཁོར་ལོའི་སྣ་ཅན་རྣམས་མདོག་དཀར་ཞིང་རྣ་བ་ཟུང་ཁྱི་ལྟར་ལྷུགས་པ་སོགས་ཡུལ་དེའི་དགེ་མཚན་དང་ཁྱད་ཆོས་འདིར་ཅུང་ཟད་ཙམ་བརྗོད་པ་ལས་ཚང་མ་ཡི་གེས་འཇིགས་འགོད་བསམ་བརྗོད་ཀྱི་ཡུལ་ལས་འདས།།
བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས༼རྡོ་རིང་པཎྚི་ཏའི་རྣམ་ཐར༽གྱི་ལྡེབ་མ༨༥༩ལས་བཏུས།
༼ ཁམས་པའི་འཛུམ་རིས༢༠༡༧ལོའི་དེབ་དང་པོ་ལས་དྲངས། ༽
རྩོམ་གསར། 10