མཁས་གྲུབ་ནོར་བུ། 2019-09-20
སྒ་སྐྱེ་རྒུར་མཇལ་བའི་ལེབ་ཁོག་རི་བྱོན་མ་ཎི་དང་འབིས་རྣམ་པར་སྣང་མཛད།
མཁས་གྲུབ་ནོར་བུ།
ལེབ་ཁོག་ལུང་པའི་རྫ་ཆུར་གནས་པའི་རྡོ་བརྐོས།
ན་ནིང་དབྱར་གཞུང་གི་སྐབས་དང་བསྟུན་ཏེ་སྔར་ནས་སེམས་སུ་ཉར་བའི་ཀུན་སློང་རིང་མོའི་རེ་འདོད་ལྟར་བོད་ཡུལ་གྱི་ས་ཆ་འགར་མཇལ་སྐོར་དུ་ཕྱིན་པའི་བསྐལ་བ་བྱུང་། དེ་ཡང་ཉི་མ་ནུབ་རིར་ཡིབ་སྟེ་མཚམས་སྤྲིན་གྱི་ཡོལ་བས་ཀུན་ནས་བརྒྱན་པའི་དགུང་ཁའི་མཚམས་ཤིག་ན་བྱང་སྡེ་རྫ་ཆུ་ཁ་ནས་སྒ་སྐྱེ་རྒུ་མདོ་རུ་འབྱོར་སོང་། ནངས་སྔར་ཉི་མ་རི་རྩེར་འཆར་མ་ཐག་མལ་ལས་ལངས་ཏེ་ཞོགས་ཇ་བཏུང་རྗེས་སྙན་པར་གྲགས་པའི་བོད་བཙན་པོའི་རྒྱལ་རབས་སིལ་བུར་མ་ཐོར་གོང་གི་རྟེན་ཡིག་བྲག་བརྐོས་མ་མང་དུ་མཇལ་རྒྱུ་ཡོད་པའི་ལེབ་ཁོག་ཕྱོགས་ཀྱི་ལམ་ལ་ཆས་འགོ་བརྩམས་པ་ཡིན།
ལེབ་ཁོག་ལུང་པའི་གཡས་ལོགས་ཀྱི་བྲག་ངོས་སུ་བརྐོས་པའི་གཟུངས།
ལེབ་ཁོག་བྲག་བརྐོས་རི་མོ་དང་རི་བྱོན་མ་ཎི།
ཡུལ་ཤུལ་ཁུལ་སྲིད་གཞུང་གི་ལྟེ་གནས་སྐྱེ་རྒུ་མདོ་ནས་འབྲི་ཆུའི་འབབ་ཕྱོགས་བརྒྱུད་དེ་སྤྱི་ལེ་ཉི་ཤུ་ལྷག་ཙམ་སོང་ཙ་ན་གཟོད་ལེབ་ཁོག་ལུང་མདོར་སླེབས་ལ། དེར་སྤྱན་རས་གཟིགས་ཀྱི་གཟུངས་ཡི་གེ་དྲུག་མ་ལ་སོགས་པ་བགྲང་ལས་འདས་པ་བརྐོས་པའི་རྡོ་འབུམ་གཏོས་ཆེན་པོ་ཞིག་མཆིས་པ་དང་། དེའི་ཕ་རོལ་གྱི་བྲག་ངོས་གཉིས་ཀྱི་སོ་སོར་ལྷ་སྐུ་དུ་མའི་ཐིག་རིས་ཡོད་པ་ལས་ཕྱོགས་གཅིག་ལ་རྣམ་པར་སྣང་མཛད་ཡར་བཞེངས་པའི་ཚུལ་བརྐོས་ཡོད་ཅིང་། ཕྱག་གཡས་ལུས་འགྲམ་དུ་བརྐྱངས་ཤིང་ལག་མཐིལ་ཕྱི་རུ་གཏད། ཕྱག་གཡོན་པས་སྙིང་གར་མེ་ཏོག་བསྣམས། སྐུ་སྟོད་ནུ་འབུར་དང་ལྟེ་བ་སོགས་རྗེན་པར་མངོན་པ་དང་། དབུ་དང་སྐུ་ལུས་ཁྱོན་ཡོངས་ལ་མེ་རིས་བསྐོར་འདུག
ལེབ་མདའ་འབྲི་ཆུའི་འགྲམ་གྱི་བྲག་བརྐོས་རི་མོ།
བཞེངས་ཁྲིའི་གཡས་ཕྱོགས་སུ་ཡོན་བདག་ལྟ་བུའི་སྐྱེ་བོ་བཞི་མཆིས་པ་ལས་གསུམ་ལངས་པའི་ཚུལ་དུ་མཆིས་ཏེ་དང་པོས་གསོལ་ཟས་ཀྱིས་གཏམས་པའི་སྣོད་བཟུང་ཞིང་། བར་མས་མེ་ཏོག་བཟུང་། མཐའ་མ་དེ་གཉིས་རྗེས་སུ་ལངས་པ་དང་། གཞན་གཅིག་གིས་པུས་མོ་སར་བཙུགས་ཀྱིས་ཞལ་ཟས་འདྲེན་བཞིན་པ་བཅས་ཀྱི་ཚུལ་དུ་སྣང་། དབུས་ཀྱི་བོད་པའི་ཆ་ལུགས་ཀྱི་སྐྱེས་པ་དང་ཐང་གི་ཆ་ལུགས་ཀྱི་སྐྱེས་མ་དེ་ནི་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོ་གཉིས་རེད་ཅེས་ཡུལ་མི་དག་གིས་དེ་ལྟར་བཤད་ཀྱི་འདུག གཡོན་ཕྱོགས་སུ་ཐུགས་རྗེ་ཆེན་པོ་གཙོ་འཁོར་རྣམས་ཀྱིས་སྟག་དང་གླང་ཆེན། ཤ་བ་དང་རྟ། མི་ལ་སོགས་པར་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པའི་ཚུལ་སོགས་བརྐོས་འདུག
ལེབ་མདའ་འབྲི་ཆུའི་འགྲམ་གྱི་བྲག་བརྐོས་རི་མོ།
ལུང་མདོ་དེ་ནས་ནང་ལ་སྤྱི་ལེ་གཅིག་ལྷག་སོང་བའི་གཡོན་ཕྱོགས་ཀྱི་བྲག་སྐྱིབས་ངོས་གཉིས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཞི་ཁྲོ་དུ་མའི་སྐུའི་ཐིག་རིས་ཡོད་པར་མ་ཟད། ཚེ་དཔག་མེད་ཀྱི་མདོ་ཡིག་ཕྲེང་བཅོ་ལྔ་ལྷག་དང་། ཤེར་ཕྱིན་གྱི་མདོ་ཡིག་ཕྲེང་ཉེར་བདུན་མཆིས་པ་དག་ནི་བརྡ་རྙིང་ཁོ་ན་ཡིན་པ་དང་། དེ་ནས་རིམ་བཞིན་སོང་ཙ་ན་གཡས་ཕྱོགས་ཀྱི་བྲག་ཅིག་གི་མདུན་ཐད་ན་བསྔོ་ཡིག་དང་མ་ཎི་ཡིག་དྲུག་སོགས་བརྐོས་པའི་རྡོ་འབུམ་ཆེན་པོ་ཞིག་ཡོད་ཅིང་། ཤུག་སྡོང་སྦོམ་པོ་ཡལ་འདབ་ཀུན་ནས་རྒྱས་པ་གཅིག་གི་རྒྱབ་ལོགས་ཀྱི་བྲག་ངོས་ན་རྣམ་པར་སྣང་མཛད་ཉིད་པདྨའི་ཁྲི་ལ་རྡོ་རྗེ་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པའི་སྐུ་དང་། དེའི་འོག་གཡས་གཡོན་གཉིས་ལ་ཕྱག་ན་རྡོ་རྗེ་དང་སྤྱན་རས་གཟིགས་ཀྱི་སྐུ། དེའི་གཤམ་ན“སངས་རྒྱས་རྣམ་པར་སྣང་མཛད་དང་། ཕྱག་ན་རྡོ་རྗེ་དང་ཨརྱབ་ལོ་ལ་ཕྱག་འཚལོ། རྟའི་ལོ་ལ་བགྱྀས།།”ཞེས་བརྡ་རྙིང་མའི་ཡིག་ཕྲེང་གསུམ་བརྐོས་འདུག
བྲག་ངོས་བརྐོས་པའི་རྣམ་པར་སྣང་མཛད་དང་ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས་སོགས་ཀྱི་སྐུ་རིས།
དེ་བཞིན་ལུང་པ་དེའི་མདའ་ཕུ་བར་གསུམ་གྱི་རྡོ་ཆེ་ཆུང་ཡོངས་ལ་མ་ཎི་འབྲུ་དྲུག་དང་བསྔོ་སྨོན་སོགས་བརྐོས་མེད་པ་གཅིག་ཀྱང་མ་མཆིས་ཤིང་། ས་གནས་དེ་གའི་ཡུལ་མི་རྣམས་ཀྱིས་དེ་ལ་རི་བྱོན་མ་ཎི་ཞེས་འབོད་ཀྱིན་འདུག་ལ། ངག་རྒྱུན་དུ་བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་དུས། ཡུམ་རྒྱ་མོ་འཁོར་གཡོག་རྣམས་རྒྱ་ཡུལ་ནས་ས་དེར་སླེབས་པ་ན་ལྕང་མ་དང་གླང་མའི་ཚང་ཚིང་སྟུག་པོས་བགྲོད་ལམ་བཅད་དེ་ཤིང་རྟ་མ་ཐར་བས་ན། འཁོར་རྣམས་ཀྱིས་ཡུམ་རྒྱ་བཟའ་ཉིད་རྒྱབ་ལ་བཏེགས་ནས་འགྲོའོ་ཞེས་བགྲོས་ཀྱང་། རྒྱ་བཟའི་ཐུགས་མ་འཐད་དེ་ན་རེ། ཁོ་མོ་ཤིང་རྟ་ལས་འགྲོ་ཡི། མིའི་རྒྱབ་ལ་མི་བཞོན། ཤིང་རྟའི་སྐྱོད་ལམ་གྱིས་ཤིག་ཅེས་བསྒོས་པ་ལྟར་བགྱིས་པས། དེར་ཟླ་བ་གཅིག་ཙམ་ལུས་པའི་རིང་ལ་རྒྱ་བཟས་འབིས་རྣམ་སྣང་ལ་སོགས་པའི་ལྷ་སྐུའི་རྟེན་དེ་རྣམས་བཞེངས་པར་མཛད་དོ་ཞེས་བཤད་རྒྱུན་འདུག་གོ།
ལེབ་ཁོག་ལུང་པའི་རི་ཆུ་སོགས་ན་གནས་པའི་རྡོ་བརྐོས་མ།
ཕྱིས་སུ་ཕྱི་རབས་པ་རྣམས་ཀྱིས་ཀོང་ཇོ་བོད་དུ་ཕེབས་པར་རྗེས་དྲན་ཞུ་ཕྱིར་ལུང་གཞུང་འདིའི་རི་ཆུ་བྲག་གསུམ་གྱི་རྡོའི་ངོས་སུ་ལྷ་སྐུ་དང་མ་ཎི། བཀྲ་ཤིས་སྨོན་འདུན་སོགས་བརྐོས་པ་དང་། རྡོ་བརྐོས་འདི་དག་ལ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་ལ་ཉམས་ཆག་མ་སོང་པར་ད་ལྟ་མངོན་སུམ་དུ་མཇལ་རྒྱུ་འདུག
ལེབ་ཁོག་ལུང་པའི་རྟེན་ཡིག་བྲག་བརྐོས་མ།
འབིས་རྣམ་པར་སྣང་མཛད་ཀྱི་ལྷ་ཁང་།
འབིས་རྣམ་པར་སྣང་མཛད་ལྷ་ཁང་ནི་སྐྱེ་རྒུ་མདོའི་ཤར་ལྷོའི་མཚམས་ཀྱི་དཔལ་ཐང་ནས་བྱང་ཕྱོགས་སུ་འབབ་པའི་དཔལ་ཆུ་ལྡོག་བརྒྱུད་ཀྱིས་ལམ་ཐག་སྤྱི་ལེ20ཙམ་གྱི་འབིས་ཁོག་ཅེས་པའི་ལུང་པར་ཡོད། ཡོངས་གྲགས་སུ་ཝུན་ཤིང་ཀོང་ཇོའི་ལྷ་ཁང་ཟེར།
འབིས་ཁོག་རྣམ་པར་སྣང་མཛད་ལྷ་ཁང་གི་གནས་ཡུལ།
ལྷ་ཁང་དེ་ནི་རྒྱལ་ཕྱི་ནང་ཀུན་ཏུ་མཚན་སྙན་འབར་ཞིང་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་ཏེ། བོད་རྒྱ་མི་རིགས་བར་གྱི་མཐུན་སྒྲིལ་གྱི་གསེར་ཟམ་ཆེན་མོ་ཡིན་ལ། 2006ལོར་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཁག་ཏུ་བཀོད། ད་སྐབས་ཁྲ་འགུ་དགོན་པས་བདག་སྐྱོང་མཛད་བཞིན་ཡོད་ལ། སྐྱེ་རྒུ་མདོའི་ཡུལ་སྐོར་སྤྲོ་འཆམ་གྱི་གནས་ཆེན་གཙོ་བོ་ཞིག་ཀྱང་ཡིན།
འབིས་རྣམ་པར་སྣང་མཛད་ཀྱི་ལྷ་ཁང་།
སྔོན་མའི་ལོ་རྒྱུས་དང་དམངས་ཁྲོད་ཀྱི་གནའ་གཏམ་ལས། འབིས་ཁོག་ཝུན་ཤིང་ཀོང་ཇོའི་ལྷ་ཁང་ནི། ཐང་ཀྲིན་ཀོན་ཁྲི་ལོ་བཅོ་ལྔ་སྟེ་སྤྱི་ལོ641པའི་དུས་སུ། ཐང་རྒྱལ་རབས་དང་བོད་ཀྱི་རྒྱལ་པོ་གཉིས་ཀས་གཉེན་འབྲེལ་བཙུགས་ཏེ། ཐང་ཐེ་ཙུང་གི་སྲས་མོ་ཝུན་ཤིང་ཀོང་ཇོ་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོར་བཙུན་མོར་གནང་། ཀོང་ཇོ་འཁོར་བཅས་ཉི་ཟླ་རི་བོ་བརྒལ་ཏེ་ལེབ་འཁྱག་འགག་བརྒྱུད་དེ་འབིས་ཀྱི་བྲག་དཀར་འདབས་ལ། མགར་བློན་རིག་པ་ཅན་རེ་སྒུག་གནང་བའི་རིང་། བྲག་དེའི་ངོས་སུ་སྐུའི་རྟེན་དུ་རྣམ་སྣང་གངས་ཅན་མཚོ་རྒྱལ་དང་ཉེར་སྲས་བརྒྱད་སོགས་དང་། གསུང་གི་རྟེན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། ཤེར་སྙིང་གི་མདོ་སོགས་རྒྱ་བོད་གཉིས་ཀྱི་ཡི་གེ། ཐུགས་ཀྱི་རྟེན་དུ་བཀའ་གདམས་མཆོད་རྟེན་སོགས་བྲག་ངོས་སུ་འབུར་དུ་བརྐོས་ཡོད་དོ།།
འབིས་རྣམ་པར་སྣང་མཛད་ལྷ་ཁང་དུ་ཡོད་པའི་ཨ་ཡིག་རང་བྱོན་དང་འགྱུར་རྡོ་སོགས།
རྩོམ་གསར། 10