རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

གངས་དབང་།        2019-11-01

༼རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག༽ལས་གླིང་གེ་སར་གྱི་སྐོར།

གངས་དབང་། 


རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།
རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

དཀའ་ཚེགས་ཀྱི་མི་ཚེའི་བརྒྱུད་རིམ་ནང་། ལས་ལ་བརྩོན་པའི་བོད་མི་ཚོས་ཕྱིར་མི་ལྡོག་པའི་དད་པས་ཕུགས་འདུན་གྱི་རི་མོ་རྡོ་ཐོག་ཏུ་བརྐོས་ཡོད་པས། དུས་རབས་ཇི་ལྟར་འགྱུར་ཡང་། མི་སེམས་གང་ལྟར་བསླད་ཀྱང་། རི་ཆུ་མ་འཇིག་ན་རྡོ་ལ་བརྐོས་པའི་རི་མོར་འགྱུར་རྒྱུ་མེད།

     དེ་སྔོན་དགེ་རྒན་བྱེད་པའི་དུས་སུ་རོང་མི་བྲག་མགོ་རྫོང་ནས་ཡོང་བའི་སློབ་མ་མང་པོ་ཡོད། དེའི་ནང་ལས་འབྲོག་སྐད་ཤེས་མཁན་ཡང་མི་ཉུང་བ་ཡོད་པས། གཞི་ནས་རོང་བྲག་རྫོང་གི་མངའ་ཁོངས་སུ་རོང་པ་ཁོ་ན་མ་ཡིན་པར་འབྲོག་པའང་ཡོད་ཚུལ་ཤེས།དེའི་རྗེས་སུ་གཞན་དང་ཁ་བརྡ་བྱས་པ་ལས་རོང་བྲག་རྫོང་གི་མདའ་མདོ་ཤང་གི་མ་ཧཱ་གྲོང་ཚོ་ནི་འབྲོག་ས་ཡིན་པས་མ་ཚད་དེ་ན་གླིང་གེ་སར་གྱི་རྡོ་བརྐོས་རི་མོ་དང་། རྗེས་ཤུལ་ཡོད་ཚུལ་གོ་བས་སྔོན་ནས་ཐེངས་གཅིག་མཇལ་འདོད་ཆེ་ཡང་ད་ལན་མ་གཏོགས་དངོས་སུ་འགྲོ་སྐལ་མ་བྱུང་།


རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

ལམ་བར་ལ་མཐོང་བའི་མཁར་རྫོང་།

     སྟོན་རླུང་བསིལ་བསིལ་ལྡང་བའི་ཞོགས་པར་རོང་མི་བྲག་མགོ་རྫོང་ཐོག་ནས་དགེ་ཤིས་རྩ་ལུང་པའི་ཕྱོགས་སུ་འགྲོ་འགོ་ཚུགས།སྟོན་གྱི་རང་མདངས་འཁྱིལ་བའི་ལུང་པའི་གཡས་གཡོན་དང་སྟོན་ལོ་རྒྱན་དུ་ཁྱེར་བའི་ཆུ་བོ་དལ་འགྲོ་མ།  དཔའ་བོ་ས་མཚམས་སུ་ལངས་པ་ལྟ་བུའི་མཁར་རྫོང་དང་། མེས་པོ་སྐྱིལ་ཀྲུང་དུ་བཞུགས་པ་ནང་བཞིན་གྱི་བོད་ཁང་བཅས་ལ་མིག་གིས་བལྟས་ཀྱིན། པར་དུ་ལེན་བཞིན་སྟག་གསུམ་གྲོང་ནས་བྱར་བ་ཤང་བརྒྱུད་དེ་གཡས་ཕྱོགས་ཀྱི་ལུང་པ་ཞིག་ནང་འཛུལ། ལུང་པ་དོག་དོག་དེའི་ནང་ལམ་ཕྲ་ཕྲ་གྱ་གྱུ་ཅན་གྱི་ཐོག་ལ་འགྲོ་འོངས་བྱེད་པའི་རླངས་འཁོར་མང་པོ་མི་འདུག་མོད། སྐབས་འགར་བྱ་འཕུར་བ་ལྟ་བུའི་འཕྲུལ་རྟ་རེ་འཕྲད་པས་སྙིང་ཆུང་ཁ་ན་བུད་པ་ལྟ་བུའི་འཇིགས་སྐྲག་བསླངས། མཐོ་ས་ནས་བཞུར་བའི་གངས་ཆུས་ཐང་ཤིང་གི་རྩ་བ་བརླན་བཞིན་བྲག་ཁ་ནས་བབ། རྩི་ཤིང་གི་ཡལ་ག་སྦངས་ཀྱིན་སྤང་ངོས་སུ་བཞུར་བ་ནི་རང་བྱུང་ཁམས་ཀྱི་པང་དུ་ལོག་པའི་མི་རྣམས་ལ་མཚོན་ན། ཆེས་མཛེས་པའི་གཟུགས་དང་ཆེས་སྙན་པའི་སྒྲ་རེད།


རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།མ་ཧཱ་གྲོང་ཚོ།རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

མ་ཧཱ་གྲོང་ཚོ།

    གངས་ཆུ་འདིས་མཐོ་སའི་རིག་གནས་དམའ་ས་ལ་ཁྱེར་ཡོད་མེད་མི་ཤེས་ཀྱང་། ལམ་འདི་ཡིས་དམའ་ས་ཡི་རིག་གནས་མཐོ་སར་ཁྲིད་ཀྱིན་ཡོད་པ་མངོན་གསལ་རེད།

    ལུང་པའི་ཁ་རྒྱ་ཇེ་ཆེ་དང་བསྟུན་ནས་ཐང་ཤིང་ཇེ་ཉུང་དུ་གྱུར་ཞིང་། སུ་རུ་ཇེ་མང་དུ་འགྲོ་བའི་ཁྲོད་ན་འབྲི་གཡག་གིས་རྩྭ་ཆུ་འཚོལ་བཞིན་ཡོད་པ་མཐོང་། སྟོད་ན་གངས་རི་མཐོན་པོ་དང་གཡས་གཡོན་ན་རྫ་རི་དང་སྤང་རི་མཐོན་པོ་བཅས་ཀྱིས་མུ་ཁྱུད་དུ་བསྐོར་བའི་དབུས་སུ། ཡུན་རིང་དུ་མཇལ་འདོད་ཆེ་བའི་མ་ཧཱ་གྲོང་ཚོ་ཆགས་འདུག་ལ་ས་དེ་ནི་མ་ཧཱ་ཡོ་གའི་བསྟན་པ་དར་བའི་གནས་ཡིན་པས་མིང་དེ་ལྟར་ཐོབ་པར་གྲགས།

     རླངས་འཁོར་ལས་བབ་མ་ཐག་རྣ་ལམ་དུ་རླུང་གིས་ལྷབ་ལྷུབ་དུ་གཡོས་པའི་དར་ལྕོག་གི་སྒྲ་དང་། མིག་ལམ་དུ་ཀྱག་ཀྱོག་ཏུ་གཡོ་བའི་དུ་ཞག་གི་འཕྱོར་ཉམས། སྣ་ལམ་དུ་སིམ་སིམ་དུ་འཐུལ་བའི་ལྕི་བ་ཡི་དྲི་ཞིམ་བཅས་ཀྱིས་འབྲོག་ས་ཁོ་ན་ལ་ཡོད་པའི་མཛེས་སྡུག་དང་། ལོངས་སྤྱོད་གྱ་ནོམ་པ་ཡིད་ཀྱི་གསོས་སུ་གནང་བྱུང་། གྲོང་འདབས་ཀྱི་སྤང་ལེབ་ཆུང་ངུ་ཞིག་ཏུ་འཕྱི་བ་ཞིག་འཕྱི་ཁུང་གི་སྒོ་ཁར་ཀྲོང་ངེར་ལངས་ཏེ། ཡུལ་སྐོར་བའི་ལག་ནང་གི་ཁ་ཟས་བཟོས་རྗེས་ཡིད་ཚིམ་པའི་ངང་ནས་ནང་ལ་འཛུལ་བ་དང་། ཅུང་བསྒུགས་རྗེས་སླར་ཡང་ཕྱི་ལ་བུད་དེ་མིག་ཟུང་ཧྲིག་ཧྲིག་གིས་བལྟས་པ་ནི་བསམ་གཟས་ནས་མི་རྣམས་ལ་གབ་རེས་འཚོལ་རེས་བྱེད་པ་དང་འདྲ།

     བོད་པའི་གྲོང་ཚོ་སྤྱིའི་འགྲོས་ལྟར་ན། དགོན་པ་ནི་གྲོང་པའི་སྟོད་དང་། ཡང་ན་གཡས་གཡོན་ལ་ཆགས་ཡོད་མོད། མ་ཧཱ་གྲོང་ཚོ་ནི་དེ་དང་མི་འདྲ་བར་སྐྱིད་ལུང་དགོན་པས་དཀྱིལ་ཁུལ་བྱས་ཏེ་ཁྱིམ་དུད་རྣམས་ཕྱོགས་བཞིར་ཆགས་པས་མ་ཚད། ཤར་ནུབ་ཀྱི་རིང་ཚད་ལ་སྨི་བརྒྱ་དང་བཅུ་ཙམ་དང་། ལྷོ་བྱང་གི་རིང་ཚད་ལ་སྨི་དགུ་བཅུ་ཙམ། མཐོ་ཚད་ལ་སྨི་དོ་ཙམ་ཡོད་པའི་ལྕགས་རིས་བསྐོར་བ་དང་། གྲོང་མི་རྣམས་འགྲོ་འོངས་བྱེད་བདེ་བའི་ཆེད་དུ་ཕྱོགས་བཞིར་སྒོ་ཆེན་རེ་ཕྱེ་འདུག


རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

སྐྱིད་ལུང་དགོན་པ།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

    མ་ཧཱ་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་ལུས་ཀྱིས་བསྐོར་ས། ངག་གིས་འབོད་ས། ཡིད་ཀྱིས་བསྒོམ་སའི་སྐྱིད་ལུང་དགོན་པ་ནི་སྤྱི་ལོ༡༨༠༠ལོར་མཚོ་སྔོན་མགོ་ལོག་ན་འཁྲུངས་པའི་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ༡༨༣༢ལོར་ཕྱག་བཏབ་པའི་རྙིང་མ་པའི་དགོན་པ་ཞིག་རེད། དགོན་པར་ད་བར་སྐུ་རབས་གསུམ་བྱོན་པ་ལས་རྒྱལ་སྤྱིའི་ཐོག་ལ་སྙན་པའི་གྲགས་པ་འབར་བའི་མཁས་དབང་ཐུབ་བསྟན་ཉི་མ་ནི་སྐུ་རབས་གསུམ་པ་ཡིན་ཡང་། དེང་སང་གཙོ་བོ་སྤྲུལ་སྐུ་རིག་ཆུང་ལགས་ཀྱིས་དགོན་བདག་མཛད་བཞིན་པ་རེད།

     མ་ཧཱ་སྐྱིད་ལུང་དགོན་པ་ནི་ས་ཕྱོགས་གཞན་གྱི་དགོན་སྡེ་ནང་བཞིན་ཕྱི་ལ་རིན་པོ་ཆེའི་འོད་མདངས་ཀྱིས་མིག་འཕྲོག་ཅིང་། ནང་ལ་སྐུ་རྟེན་སྣ་ཚོགས་ཀྱིས་ཡིད་འགུགས་པ་ལྟར་མ་ཡིན་མོད། དཀར་རྩི་བྱུགས་པའི་རྩིག་པ་དང་། ཤིང་ཆ་ཡིས་ལས་པའི་ཁྱམས་ར། རྡོ་ལེབ་བཀབ་པའི་ཐོག་བརྩེགས་བཅས་ལ་གནའ་ཉམས་དོད་ཅིང་རང་བྱུང་གི་རྣམ་པར་མངོན་པས། མ་གཞིར་དབེན་ཞིང་འཇགས་པའི་ས་གནས་དེ་དེ་ལས་འཇམ་ཐིང་ངེར་ཆགས།


རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

    

    ཉིན་དེར་དགོན་པའི་འདུ་ཁང་གི་སྒོ་ད་དུང་ཕྱེ་མི་འདུག   ཟུར་གྱི་ཁང་མིག་ཅིག་ནས་འབུད་རྡུང་དཀྲོལ་གསུམ་གྱི་སྒྲ་ཆད་མེད་དུ་གྲག   ངས་དེ་སྔོན་གོ་མྱོང་བ་ལྟར་གནས་འདི་ན་གེ་སར་གྱི་རྡོ་བརྐོས་ཡོད་མེད་བལྟས་ཀྱང་ཅི་ཡང་མ་མཐོང་། མ་བསམ་ས་ནས་འདུ་ཁང་གི་བརྩེགས་གཉིས་པའི་རྒྱ་མཐོང་ཆུང་ཆུང་ཞིག་ན་ཤིང་གི་སྐས་ཤིག་བཙུགས་ཡོད་པ་རིག་མ་ཐག་ག་ལེར་འཛེགས་ཏེ་ཐོག་ལ་བུད་ཙ་ན།  རྡོ་ལེབ་བཀབ་ཡོད་པའི་བརྩེགས་གསུམ་པའི་གྱང་རྩ་དང་། ཀ་བའི་ཟུར་ལ་རྡོ་བརྐོས་རི་མོ་མང་པོ་བསྒྲིགས་འདུག་པས་རེ་རེ་བཞིན་མཇལ་དུས། དེ་དག་ནི་གཙོ་བོར་གླིང་གེ་སར་དང་། མ་ཡུམ་འགོགས་བཟའ། བཙུན་མོ་འབྲུག་མོ། དཔའ་ཐུལ་སུམ་ཅུ་བཅས་ཀྱི་རྡོ་བརྐོས་རེད། རྡོ་གཟུགས་གྲུ་བཞི་དང་ཟུར་གསུམ། འཇོང་འཇོང་བཅས་འདྲ་མིན་སྣ་ཚོགས་ཀྱི་ངོས་ལ་བརྐོས་ཐིག་གསལ་ཞིང་ཐོགས་ཐུག་མེད་པར་གསོན་ཉམས་ལྡན་པའི་ཐོག་ལ་ཚོན་བཏང་ཡོད་མེད་གཉིས་ཀ་འདུག  ངོ་སྤྲོད་བྱས་པ་ལྟར་ན། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་དགོན་པ་བཏབ་རྗེས་ཐོག་མར་གེ་སར་དང་འབྲུག་མོ། འགོགས་བཟའ། དཔའ་ཐུལ་སུམ་ཅུ་བཅས་རྡོ་བརྐོས་བཞི་བཅུ་ཙམ་བཞེངས་པ་དང་། དེ་ལས་དཔལ་ཐུལ་ཚོའི་རྡོ་བརྐོས་རྣམས་འདུ་ཁང་ནང་སྲུང་མར་བཞག་པ་དང་། དེ་མིན་ཚོ་ཐོག་བརྩེགས་ལ་བཞག་པ་རེད་ཟེར་བར་གཞིགས་ན། ད་བར་ལོ་ཉིས་བརྒྱ་ཙམ་འདས་ཟིན་ལ་དེ་དག་ལ་ཚོན་བཏང་མ་མྱོང་བར་བཤད། ཚོན་བཏང་ཡོད་པ་རྣམས་ནི་སྤྱི་ལོ༡༩༩༧ལོར་གསར་དུ་བརྐོས་པ་རེད་ཟེར། སྤྱིར་གླིང་སྒྲུང་ནང་མི་སྣ་ཧ་ཅང་མང་པོ་ཡོད་པས། ཐ་ན་དཔའ་ཐུལ་སུམ་ཅུའི་མིང་གི་རྣམ་གྲངས་ཀྱང་གཏན་དུ་འཁེལ་རྒྱུ་མེད་པ་ན། གླིང་སྒྲུང་ལ་ཆ་རྒྱུས་ཡོད་མཁན་ཞིག་མིན་ན་རྡོ་བསྐོས་དེ་ཚོ་སུ་དང་གང་ཡིན་དབྱེ་འབྱེད་བྱེད་དཀའ། ང་རང་གིས་ད་བར་གླིང་སྒྲུང་མང་ཙམ་ཞིག་བཀླགས་མྱོང་བར་བརླམས་མོད། གལ་སྲིད་རྡོ་བརྐོས་དེ་དག་གི་ཟུར་ལ་མིང་བྲིས་མེད་ན། རི་མོ་ལ་བལྟས་པ་ཙམ་གྱིས་ཅི་ཡང་མི་གོ་ཞིང་། དཔའ་ཐུལ་ཕྱེད་ཀའི་མིང་ནི་གཏན་ནས་གོ་མ་མྱོང་བ་ལྟ་བུ་རེད། ངས་རྡོ་བརྐོས་མཚོན་བྱུགས་ཡོད་མེད་གཉིས་ཀ་རེ་རེ་བཞིན་མཇལ་དུས། མི་སྣ་སོ་སོའི་བྱད་གཟུགས་དང་འཁོར་གསུམ་འདོགས་ལུགས། འོག་གི་ཆིབས་རྟ་རྣམས་ལས། ལ་ལས་སུག་བཞི་གནམ་ལ་བཀྱགས་ཏེ་འཕུར་གྲབས་མཛད་པ་དང་། འགའ་ཞིག་གིས་མགོ་བོ་གནམ་ལ་བཀྱགས། རྔ་མ་གྱེན་དུ་གཟེངས་ཏེ་གཡུལ་སར་མཆོངས་པ། འགའ་ཤས་མགོ་བོ་ཕྱི་ལ་འཁོར། སུག་བཞི་ས་ལ་ཟུག་སྟེ་རྟ་ཁ་སྲབ་ཀྱིས་བསྒྱུར་ཚུལ་བསྟན་པ་སོགས་གེ་སར་གྱི་ཆིབས་རྟ་རྐྱང་རྒོད་གཡེར་བ་དང་། ཁྲོ་ཐུང་གི་འདོ་བ་འཕར་བ་རྔ་ནག  སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་འདོ་ཆེན་ཤ་སྐྱ་དྲེལ་མགོ  རྒྱ་ཚའི་འདོ་ཆེན་རྒྱ་བྱ་སོག་དཀར། འདན་མའི་འདོ་ཆེན་དངུལ་ཕྲུག་ལྡེམ་པ། འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་གི་འདོ་ཆེན་རླུང་ནག་རྗེས་གཅོད། རྨུ་སྤྱང་རིན་ཆེན་དར་ལུའི་འདོ་ཆེན་གཡུ་བྱ་རྣ་ཁྲ། རྨུ་པའི་ཤེལ་དཀར་རྒྱང་མཛེས་ཀྱི་འདོ་ཆེན་ཁྱུང་ནག་ཐོད་དཀར། རོང་ཚའི་འདོ་ཆེན་རྨ་བྱ་མཛེས་ཡག  ཉ་ཚ་ཨ་བརྟན་གྱི་འདོ་ཆེན་གངས་རི་ལྡིང་ཤེས། གསེར་པའི་ཉི་འབུམ་དར་ཡག་གི་འདོ་ཆེན་གསར་མདངས་ཉི་མའི་འཕྲུལ་འཁོར་སོགས་ཆིབས་རྟ་འདོ་ཆེན་ཚོའི་མིང་ལྟར་ཁྱད་ཆོས་མངོན་གསལ་དུ་དོད་པས། བོད་རིགས་མི་དམངས་ཚོའི་རྡོ་བརྐོས་ཀྱི་སྒྱུ་རྩལ་མཚོན་ཐབས་ལ་རང་དབང་མེད་པར་གུས་པ་དང་ང་རྒྱལ་སྐྱེས་སོང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

    དེས་མ་ཚད་སྐྱིད་ལུང་དགོན་པ་ནང་གླིང་གེ་སར་གྱི་འཆམ་ཡང་སྔ་རྗེས་སུ་འཕེལ་རྒྱས་བྱུང་ཡོད་དེ། དགྲ་ལྷ་བཅུ་གསུམ་དང་ལྷ་ཆེན་ཚངས་པ་དཀར་པོ་སོགས་གླིང་ལྷ་རྣམས་དང་། སེང་ལྕམ་འབྲུག་མོ་སོགས་མོ་སྨན་བདུན། རྒྱ་ཚ་ཞལ་དཀར་སོགས་དཔའ་ཐུལ་སུམ་ཅུ། རྟ་རྒྱུག་རྒྱལ་འཇོག  ཨ་སྟག་ཀླུ་མོའི་རྣམ་ཐར། མངའ་རིས་གསེར་རྫོང་བཅས་དང་། དེ་མིན་འགྲོ་བ་བཟང་མོ་དང་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་སོགས་འཆམ་སྲོལ་གྱིས་མུ་ནས་མུ་རུ་མི་རབས་རྣམས་ཀྱི་སེམས་ནང་བག་ཆགས་བཞག་སྟེ། བསམ་སྤྱོད་རྟིང་སྐུལ་བྱེད་པ་ལ་ངང་ངམ་ཤུགས་ཀྱིས་ཕན་ནུས་ཆེན་པོ་ཐོབ་ཡོད་ཚོད་རེད།


རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།


    སྲོལ་རྒྱུན་རིག་གནས་ལས་གླིང་སྒྲུང་ནི་བོད་མི་ཚོས་ཆེས་གཙིགས་སུ་འཛིན་པའི་རིག་གནས་ཤིག་ལགས་པས། མི་རིགས་ཤིག་གི་སྙིང་སྟོབས་མཚོན་པའི་རིག་གནས་ཀྱི་རྩ་བ་སྦོམ་པོ་ས་གཞིར་ཟུག་ན། ད་གཟོད་དེ་མིན་ཚོ་ལ་འབྲས་བུ་སྨིན་པའི་རྒྱུ་རྐྱེན་ཚང་བ་རེད།

    འདུ་ཁང་གི་ཐོག་བརྩེགས་ལས་བབ་སྟེ་དགོན་པའི་རྒྱབ་ཕྱོགས་སུ་འགྲོ་དུས། དུང་འཁོར་ཁང་པ་ཞིག་ནང་རྒན་རྒོན་མང་པོས་མ་ཎི་འདོན་བཞིན་དུང་འཁོར་སྐོར་གྱིན་སྣང་། ཟུར་ལ་བསྡད་ཡོད་པའི་རྒས་པོ་གཉིས་གསུམ་གྱི་དྲུང་དུ་བཅར་ནས་འཚམས་འདྲི་ཞུས་རྗེས་གྲོང་པའི་གནས་ཚུལ་དྲིས་ཀྱང་། དུས་རྒྱུན་ཡུལ་སྐོར་བ་མང་པོ་ཡོང་བས་སུན་པ་ཡིན་ནམ། མ་ཎི་འདོན་པར་གད་བཅག་པ་ཡིན། ང་ལ་ལན་གསལ་པོ་ཞིག་འདེབས་མཁན་མེད་པས་ཨུ་ཚུགས་བྱེད་མི་རུང་བསམས་ཏེ་གེ་སར་ལྷ་ཁང་ཡོད་ས་ལ་སོང་། ལམ་བར་དུ་སྤང་ངོས་ཀྱི་རྡོ་ལེབ་ཆེ་བ་སླ་ང་ཙམ་དང་། ཆུང་བ་ལག་མགོ་ཙམ་ཚང་མའི་ཐོག་ལ་མ་ཎི་འབྲུ་དྲུག་གམ་བརྫ་གུ་རུ། མཆོད་རྟེན་སོགས་བརྐོས་ཡོད་པས་རྐང་པ་བཞག་སའང་མི་རྙེད་པའི་ཚུལ་དུ་སྣང་མོད། གཟབ་གཟབ་ཀྱིས་སྟོང་པ་བཙལ་ཏེ་གོམ་པ་སྤོས་ནས་གེ་སར་ལྷ་ཁང་གི་དྲུང་དུ་སླེབས། ལྷ་ཁང་གི་གཡས་ཕྱོགས་ཀྱི་དར་སྟེགས་གྲུ་བཞི་མ་དང་། རི་ངོས་ཀྱི་དར་ལྕོག་མཐོན་པོ། འགྲམ་གྱི་ལ་བཙས་ཐོག་གི་རླུང་རྟ་བཅས་ཀྱིས་རི་གསུམ་བར་གྱི་ལུང་པ་འདི་ལ་གསོན་ཉམས་ཤིག་བསྣན་པ་དང་། ཚེ་འདིར་བརྩོན་པ་མ་དམན་ཞིང་ཕྱི་མར་རྒྱང་གཟིགས་མཛད་པའི་སེར་སྐྱ་མི་དམངས་ཚོ་ལ། སེམས་པ་ཞི་བར་གནས་པའི་སྐལ་བ་ཞིག་ཀྱང་གནང་བཞིན་ཡོད་པ་འདྲ། དར་ལྕོག་མཐོན་པོ་ཞིག་གི་འགྲམ་ལ་ལངས་ནས་མར་བལྟས་དུས་མ་ཧཱ་གྲོང་པའི་སྤྱིའི་ཆགས་ཚུལ་ནི་རྡོ་རྗེའི་ཕུར་པ་དང་འདྲ་སྟེ། ཐོག་གི་སྣེ་མོར་གེ་སར་ལྷ་ཁང་ཆགས་པ་དང་། འོག་གི་སྣེ་མོར་མཆོད་རྟེན་དཀར་པོ་ཞིག་བཞེངས་ཡོད་པ། ཁྱད་པར་དུ་བར་སྐེད་དུ་སྐྱིད་ལུང་དགོན་པས་ལྟེ་གནས་བྱས་ཏེ། གྲོང་པའི་དུད་ཁྱིམ་རྣམས་རིམ་གྱིས་ཕྱོགས་བཞིར་ཆགས་པ་ནི། དཀྱིལ་འཁོར་ཆེན་པོ་ཞིག་དང་འདྲ་བས་བོད་མིའི་འཚོ་བ་ནང་ནང་བསྟན་གྱི་སྲིད་ཞིའི་ལྟ་དགོངས་ནི་ཆུ་དང་འོ་མ་བཞིན་འདྲེས་ཀྱིན་ཡོད་པ་མཚོན།


རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

   

    གེ་སར་ལྷ་ཁང་ནང་འཛུལ་མ་ཐག་དཀྱིལ་དུ་གླིང་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྐུ་ཆེན་པོ་ཞིག་བཞེངས་ཡོད་པ་མཐོང་མུར།དད་ཤུགས་དྲག་པོས་ཡིད་སེམས་འཕར་ལྡིང་བྱེད་དུ་བཅུག་པ་དང་། ཕྱོགས་གསུམ་ལ་ལྕགས་ཀྱི་གདང་བརྩེགས་བཞི་ཅན་རེ་ཡོད་པ་ལས་བརྩེགས་རེ་རེ་ལྕགས་སྒམ་གྲུ་བཞི་མས་བཅད་དེ། ནང་ལ་གླིང་སྒྲུང་ནང་གི་མི་སྣའི་རྡོ་བསྐོས་བཞེངས་ཡོད་པ་ནི་ཚོན་མདོག་རྣམ་པར་བཀྲ་བའི་རྡོ་ཡི་ཐང་ག་བཤམས་ཡོད་པ་དང་འདྲ། རགས་བརྩིས་བྱས་པ་ལྟར་ན་གླིང་སྒྲུང་ནང་གི་མི་སྣ་རྒྱུས་ཡོད་མེད་གཉིས་ཀ་ཁྱོན་བསྡོམས་བརྒྱ་ཙམ་གྱི་རྡོ་བརྐོས་འདུག  དེ་ཚོའི་ཁྱད་ཆོས་ཀྱང་འདུ་ཁང་ཐོག་ལ་ཡོད་པའི་རྡོ་བརྐོས་རྣམས་དང་འདྲ་བར་མི་སྣ་དང་ཆིབས་རྟ། རྒྱབ་ལྗོངས་བཅས་ཀྱི་ཐིག་རིས་སམ་མཐའ་རིས།  ཚོན་བྱུགས་ལུགས་སོགས་ཡིད་སེམས་འགུགས་པ་ཞིག་རེད།


རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

གེ་སར་ལྷ་ཁང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

གེ་སར་ལྷ་ཁང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

    

      བོད་ལ་རྡོ་བརྐོས་ཀྱི་ལག་རྩལ་ནི་དར་སྔ་ཞིང་། ལག་རྩལ་དེ་ཡིས་མིའི་རིགས་ལ་རིན་ཐང་ལྡན་པའི་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པ་བཞག་ཡོད་དེ། སྟོད་མངའ་རིས་ནས་ལོ་ངོ་སྟོང་ལྔ་ཡན་གྱི་བྲག་བརྐོས་རི་མོ་རྙེད་པ་དང་། གཉའ་ཁྲི་བཙན་པོ་ནས་བཟུང་རྡོ་ལ་བརྐོས་པའི་སྐུ་གསུང་ཐུགས་རྟེན་མང་པོ་མཇལ་རྒྱུ་ཡོད་པ་བཅས་ནི། མི་རིགས་འདིའི་རིག་པའི་རྩལ་ལས་འཁྲུངས་པའི་ས་གནས་ཀྱི་ཁྱད་ཆོས་མངོན་པའི་རིག་གནས་ཤིག་རེད། མ་ཧཱ་གྲོང་ཚོ་ན་གེ་སར་གྱི་རྡོ་བརྐོས་ཡོད་པ་ནི། གཅིག་ནི་མ་ཧཱ་གྲོང་ཚོའི་མི་རྒྱུད་ནི་དུས་རབས་མི་འདྲ་བའི་ནང་ཚོ་པ་སོ་སོ་ནས་འདི་ན་སྤོས་པར་གྲགས་ཏེ། གཙོ་བོ་ཁྲོ་ཐུང་གིས་དབང་བསྒྱུར་བའི་སྟག་རོང་ཚོ་པ་དང་།གསེར་རྟའི་དབལ་ཤུལ་ཚོ་པ་བཅས་རེད། གཉིས་ནི་སྐྱིད་ལུང་དགོན་པ་ནི་རྙིང་མ་པའི་དགོན་པ་ཞིག་ཡིན་ལ། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་མགོ་ལོག་ནས་འདི་ན་ཕེབས་ཏེ་ཆོས་སྤེལ་དུས། ད་ལྟའི་དགོན་པ་ཆགས་ས་ནི་སྐབས་དེ་དུས་སྟག་རོང་ཚོ་པའི་འབྲོག་ས་ཡིན་པ་དང་། གསུམ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རྣམས་ལས། གླིང་གེ་སར་ལ་ཆེས་དད་བཀུར་བྱེད་མཁན་ནི་རྙིང་མ་པ་ཡིན་ཏེ།ཁོང་ཚོའི་དགོངས་བཞེད་དུ་གླིང་གེ་སར་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་སྤྲུལ་ཡིན་པ་དང་། གླིང་སྒྲུང《གངས་རིའི་ཤེལ་རྫོང》ལས། ང་འདྲ་ང་ངོ་མ་ཤེས་ན།། དུས་གསུམ་སངས་རྒྱས་འདུས་པའི་སྐུ།། འཆི་མེད་པད་མ་འབྱུང་གནས་ཡིན།། བུ་གེ་སར་བདུད་སྡེའི་ཁ་གནོན་ཁྱེད།། བཀའ་གོང་མ་ལྷ་ནས་བསྐོས་ཚུན་ཆད།། དུས་དེ་སྔ་དགྲ་ལ་མ་བཏུལ་མེད།། མ་ཐུབ་ཤོར་བ་གཅིག་ཀྱང་མེད།། ཅེས་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ལུང་དང་བཀའ་བསྒོས་གནང་ཚུལ་དང་།《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》ནང་རྙིང་མ་པའི་གྲུབ་ཐོབ་ཆེན་པོ་རླངས་བྱང་ཆུབ་འདྲེ་བཀོལ་དང་གླིང་གེ་སར་རྒྱལ་པོ་དེ་ཉིད་མཆོད་ཡོན་སྦྱིན་བདག་ཡིན་ཚུལ་བཅས་བཀོད་ཡོད་པ་དང་། གསུམ་ནི་བོད་སིལ་བུར་གྱུར་དུས་གླིང་གེ་སར་ཡུལ་ངེས་མེད་འགྲིམས་ཏེ་བཙན་པོ་གཉའ་ནས་མནན། ཉམ་ཆུང་མཐའ་ནས་སྐྱོང་བའི་མཛད་པ་བསྐྱངས་པ་དང་། བོད་ཀྱི་འབྲོག་མི་ཚོ་ནི་རོང་པ་དང་མི་འདྲ་བར་དུས་ཚིགས་སོ་སོའི་ནང་། རྩྭ་ཆུའི་འཕེལ་རྒུད་ལྟར་ཡུལ་ངེས་མེད་དུ་རྒྱུ་བས། ཡུལ་དེ་དག་ན་གླིང་སྒྲུང་དར་བ་བཅས་ལ་བརྟེན་ནས། མ་ཧཱ་གྲོང་ཚོ་དང་དེའི་མཐའ་འཁོར་ན་གླིང་སྒྲུང་གི་རྒྱུན་མ་ཆད་པ་རེད་སྙམ།


རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

     མ་ཧཱ་གྲོང་ཚོའི་སྐྱིད་ལུང་དགོན་པ་དང་གེ་སར་ལྷ་ཁང་ན་ཡོད་པའི་གེ་སར་རྡོ་བརྐོས་དེ་དག་ནི། བོད་ཡུལ་གྱི་ས་ཆ་གཞན་དག་ན་ཡོད་པའི་མ་ཎི་རྡོ་འབུམ་དང་མི་འདྲ་བར་གླིང་སྒྲུང་ནང་གི་མི་སྣ་རྣམས་ཀྱི་སྣང་བརྙན་ལྟར་དུ་བརྐོས་པ་དང་། རྡོ་བརྐོས་ཚང་མའི་ཟུར་ལ་མི་སྣ་སོ་སོའི་མིང་བརྐོས་ཡོད་པ། རྡོ་བརྐོས་མང་ཤོས་ཀྱི་རྒྱབ་ལྗོངས་ན་གནམ་སྔོན་པོ་དང་སྤྲིན་དཀར་པོ། རྩྭ་ཐང་བཅས་ཀྱང་བརྐོས་ཡོད་པ་ནི་མཐོ་སྒང་གི་ས་ཁོངས་རང་བཞིན་གྱི་ཁྱད་ཆོས་འབུར་དུ་ཐོན་པ། རྡོ་ལེབ་ཀྱི་ཆེ་ཆུང་དང་བཟོ་ལྟ་དང་བསྟུན་ནས་དེ་ལ་དེ་མཐུན་པའི་མི་སྣ་བརྐོས་ཡོད་པ། ཚོན་བྱུགས་སྟངས་ཀྱང་ཅི་དགའ་གང་འདོད་ལྟར་མ་ཡིན་པར་མི་སྣའི་རྒྱན་གོས་དང་འཁོར་གསུམ། ཆིབས་རྟའི་ཁྱད་ཆོས་ལྟར་གང་ལ་གང་འཚམས་ཀྱིས་ཚོན་ཁྲ་བཏང་ཡོད་པ་ནི་སྒྱུ་རྩལ་གྱི་རྩེར་སོན་པ་ཞིག་རེད།

    དེ་དང་འདྲ་བར་མདའ་མདོ་ཤང་གི་མངའ་ཁོངས་སུ་ཡོད་པའི་མཁར་ཆག་མདོ﹙མཁའ་སྤྱོད་མདོ﹚དང་རྒྱུད་འདུས་ལུང་གི་འཆི་མེད་དཔལ་རི་ཀེའུ་ཚང་གནས། མཆོད་རྟེན་བཛྲ་གུ་རུའི་གནས། རྒྱལ་ལ་ལུང་གི་སངས་རྒྱས་སྨན་བླའི་གནས་བཅས་སུའང་རྡོ་བརྐོས་མང་པོ་ཡོད་ཚུལ་གོ་ཡང་། ཐེངས་འདིར་མཇལ་སར་འགྲོ་མ་ཐུབ་པས་སླད་མར་རྒྱུ་རྐྱེན་ཚང་སྟེ་ཡིད་སྨོན་པའི་འབྲས་བུ་སྨིན་རྒྱུའི་རེ་བ་དང་ཡིད་ཆེས་ཆེན་པོ་བཅངས་ཡོད།



རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

    

     དཀའ་ཚེགས་ཀྱི་མི་ཚེའི་བརྒྱུད་རིམ་ནང་། ལས་ལ་བརྩོན་པའི་བོད་མི་ཚོས་ཕྱིར་མི་ལྡོག་པའི་དད་པས་ཕུགས་འདུན་གྱི་རི་མོ་རྡོ་ཐོག་ཏུ་བརྐོས་ཡོད་པས། དུས་རབས་ཇི་ལྟར་འགྱུར་ཡང་། མི་སེམས་གང་ལྟར་བསླད་ཀྱང་། རི་ཆུ་མ་ཞིག་ན་རྡོ་ལ་བརྐོས་པའི་རི་མོར་འགྱུར་རྒྱུ་མེད། རྡོ་བརྐོས་དེ་དག་ནི་བོད་མིའི་ཤེས་རབ་ཀྱིས་ཟིན་པའི་དད་པ་དང་། དད་པ་དེས་མི་རབས་ནས་མི་རབས་རྒྱུན་མ་ཆད་པར་སྦྲེལ་བས། མ་ཧཱ་གྲོང་ཚོ་ལས་ཕྱིར་ལོག་དགོས་ཀྱང་། ས་ཕྱོགས་གཞན་དག་དང་ཁ་བྲལ་དུས་ཀྱི་སེམས་ཁམས་དང་མི་འདྲ་བར་རང་ཚུགས་ཀྱི་སྤོབས་པ་ཞིག་ཀྱང་སྐྱེས་སོ།།  །།


རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

རྡོ་ལེབ་ངོས་ཀྱི་གླིང་སྒྲུང་།

  • ལེ་ཚན་སྔོན་མ།:ཤར་རྫ་ཁོག་ན་བཞད་པའི་མེ་ཏོག་རྐང་གཅིག
  • ལེ་ཚན་རྗེས་མ།:ཁྱེད་ཀྱིས་ཕྱུགས་ཟོག་ཆེས་མང་བའི་རྒྱལ་ཁབ་དེ་གང་ཡིན་ཨེ་ཤེས།
  • དོ་སྣང་ཆེ་བའི་རྩོམ།