དབྱར་གསེང་སྐབས་རྫ་སེར་ཤུལ་དགོན་དུ་མཇལ་བསྐོར་སོང་བའི་མྱོང་ཚོར།(2)

ལྕང་ཞབས་པ་འགྱུར་མེད་ཚེ་དབང་།        2013-08-09


    ༥ སེར་ཤུལ་དགོན་དང་བྱ་བ་སྤྱོད་ལམ།
    སེར་ཤུལ་དགོན་དུ་གུས་པ་སྤྱི་ལོ༢༠༡༣ལོའི་ཟླ་བ༧པའི་ཚེས༡༨ལ་སླེབས་པ་དང་། དགེ་བའི་བཤེས་གཉེན་ཆེན་པོ་མང་པོ་ཞིག་དང་། སྐྱ་བོ་ཕོ་མོ་མང་པོ་ཞིག་ལ་འབྲེལ་འདྲིས་བྱེད་རྒྱུ་བྱུང་། ཐོག་མར་སེར་ཤུལ་རྫོང་ཐོག་ནས་གསོལ་ཚིག་བཤམས་སའི་འབོལ་གདན་སོ་སོའི་སྟེང་ན་བཙུན་པ་དགེ་བཤེས་ཚོ་དང་། སྐྱ་བོ་ཕོ་མོ་ལྷན་འདུག་གིས་འཆམ་མཐུན་གྱི་རྣམ་པ་ཞིག་སྣང་བས་ཡིད་དུ་འོང་བ་ཞིག་རེད། སྐྱ་བོ་ཕོ་མོ་ཚོས་ཀྱང་བཙུན་པ་དགེ་བཤེས་ཚོ་ལ་གུས་པའི་རྣམ་པ་འདུག་ལ། བཙུན་པ་དགེ་བཤེས་ཚོས་ཀྱང་སྐྱ་བོ་ཕོ་མོ་ཚོ་ལ་མཐོང་ཆེན་དང་། ཆེ་བཀུར་གྱི་རྣམ་པ་འདུག་པས་མིག་ལ་མཛེས་པས་ཡིད་དུ་འོང་བ་ཞིག་རེད། དེ་ནས་རླངས་འཁོར་དུ་ཞུགས་ཏེ་ལམ་ལ་ཆས་སྐབས། ཕོ་མོ་འདྲ་མཉམ། སེར་སྐྱ་འདྲ་མཉམ་གྱིས་རླངས་འཁོར་དུ་བཞུགས་ཆོག་ལ། ཕན་ཚུན་གུས་པའི་རྣམ་པ་དང་ལྡན་པས། རང་ཚུགས་ཀྱང་མི་ཤོར་བའི་དྭངས་གཙང་གི་རྣམ་པས་ཡིད་དུ་འོང་བ་ཞིག་རེད། ཚོགས་འདུ་དང་བགྲོ་གླེང་གི་གྲལ་དུ་སྐྱ་སེར་ཕོ་མོ་འདྲ་མཉམ་གྱིས་ཚོགས་གྲལ་དུ་ཞུགས་ཆོག་པས། ཐོབ་ཐང་འདྲ་མཉམ་གྱིས་ཡིད་དུ་འོང་བ་ཞིག་རེད། དགོན་པ་རང་ནས་གསོལ་ཚིག་ལ་སྤྱད་དུས་མཁན་པོ་དང་དགེ་བཤེས་གཙོས་སྐྱ་སེར་ཕོ་མོ་ཀུན་གྱིས་བཟའ་བཅའ་རང་ཉིད་རང་གིས་ལེན་པ་ལས། གཡོག་བྱ་གཡོག་བྱེད་མེད་པའི་གུ་ཡངས་པས་ཡིད་དུ་འོང་བ་ཞིག་རེད། ལས་དོན་གང་ལ་ཞུགས་རུང་སྐྱ་སེར་ཕོ་མོ་ཁྱད་མེད་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་བསྒྲུབ་རྒྱུ་ལས་ངང་སྒུག་བྱེད་མཁན་ཞིག་མ་མཐོང་བས་ཡིད་དུ་འོང་བ་ཞིག་རེད། ངས་འདི་ནས་གསལ་བཤད་བྱེད་དགོས་པ་ཞིག་ལ། སེར་ཤུལ་དགོན་དུ་ཁྱིམ་པ་ཕོ་མོ་དེ་འདྲ་ཡོད་དོན་ཅི་ཡིན་ན་སྙམ་པའི་རྣམ་རྟོག་ཅིག་སྐྱེས་སྲིད་པས། དེ་ནི་དགོན་པ་འདི་ལ་བོད་ཀྱི་གསོ་བ་རིག་པ་སྦྱོང་མཁན་ཁག་གཉིས་ཏེ། གསོ་རིག་གྲྭ་ཚང་ཞེས་སེར་མོ་བ་ཁག་གཅིག་དང་། གངས་རྒྱན་ལས་གཉེར་སློབ་གླིང་ཞེས་ཁ་བའི་བུ་དང་བུ་མོ་གསོ་རིག་སྦྱོང་མཁན་ཁག་གཅིག་སྟེ་གཉིས་དང་། བཟོ་རིག་སྦྱོང་མཁན་ཁག་གཅིག་སྟེ་ཁག་གསུམ་བགོས་འདུག་པས། དགེ་རྒན་གྱི་གྲལ་དུ་ཁྱིམ་པ་ཕོ་མོ་མང་ཙམ་ཞིག་དེ་ལས་བྱུང་། དེ་ཡང་གསོ་རིག་གྲྭ་ཚང་དང་། གངས་རྒྱན་ལས་གཉེར་སློབ་གླིང་གཉིས་རྒྱང་ཆད་ཀྱི་ཚུལ་དུ་བཙུགས་ཡོད་སྟབས་བཀོད་ལེགས་པས་ཡིད་དུ་འོང་བ་ཞིག་ཀྱང་རེད།
    ༦ སེར་ཤུལ་དགོན་དང་འཛུགས་སྐྲུན།
    སེར་ཤུལ་དགོན་གྱི་བརྟན་པ་སྣོད་ཀྱི་འཛུགས་སྐྲུན་ལ། ལྷ་ཁང་། འདུ་ཁང་། ཆོས་རྭ། མགོན་ཁང་། སྒྲུབ་ཁང་། སློབ་ཁང་། སྨན་ཁང་སོགས་ཀུན་པོ་བེད་སྤྱོད་ཡོད་ལ། འཛུགས་སྐྲུན་གང་ཞིག་ཡིན་རུང་དོན་གོ་ཆོད་པ་ཤ་སྟག་སྣང་བས། དངོས་གནས་ཕན་འདོགས་པ་རྒྱུ་ཡི་མཚན་ཉིད་ཚང་འདུག་པས། ལྷ་ཁང་ཡིན་ན་དད་ལྡན་མང་པོས་གང་བ། འདུ་ཁང་ཡིན་ན་ཚོགས་ཞུགས་པས་གང་བ། ཆོས་རྭ་ཡིན་ན་སློབ་གཉེར་བས་གང་བ། དེ་བཞིན་དུ་མགོན་ཁང་དང་། སྒྲུབ་ཁང་། སློབ་ཁང་། སྨན་ཁང་ཀུན་ན་ཆེད་ལས་ཀྱི་མི་སྣས་གང་ནས་ཡོད་པ། མཆོད་རྟེན་ཞིག་ཡིན་རུང་སྐོར་མཁན་མང་བ། འཛུགས་སྐྲུན་གང་ཞིག་ཡིན་རུང་བེད་ཆོད་པ་ཤ་སྟག་ཏུ་འདུག་པས། འཛུགས་སྐྲུན་ཆུད་ཟོས་སུ་མི་གཏོང་བའི་དགོས་པ་རྒྱ་ཆེན་པོ་ཡོད་སྟབས། བརྟན་གཡོ་གཉིས་ཀ་ཕུན་སུམ་ཚོགས་པ་ཞིག་རེད་འདུག་པས་ཆེས་དགའ་འོས་པ་ཞིག་རེད།
    ༧ སེར་ཤུལ་དགོན་དང་མཐུན་སྒྲིལ།
    མཐུན་སྒྲིལ་ནི་བདེ་ལེགས་ཀྱི་རྩ་བ། མཐུན་སྒྲིལ་ནི་སྟོབས་ཤུགས། མཐུན་སྒྲིལ་ནི་བྱ་བ་འགྲུབ་པའི་རམ་འདེགས་ལ་ངོས་འཛིན་ནས་ཡུལ་དགོན་གཉིས་པོ་མཐུན་སྒྲིལ་གྱིས་གོང་བུ་ཞིག་ཏུ་ཆགས་ཡོད་ལ། མཐུན་སྒྲིལ་དེ་ཡང་བརྒྱ་ཁ་གཅིག་ཆོད། གླུ་བརྒྱ་ངག་གཅིག་ལྟ་བུ་མ་ཡིན་པར་དམངས་གཙོ་དང་། འདྲ་མཉམ། གུ་ཡངས་ཀྱི་རྣམ་པའི་ཐོག་ནས་ལས་དོན་གང་ཞིག་ཡིན་རུང་། གྲོས་མོལ་དང་། བགྲོ་གླེང་གིས་མང་གྲོས་འགྱོ ད་མེད་བྱེད་ཀྱི་ཡོད་པས་མཐུན་སྒྲིལ་ཕྱོགས་ལྷུང་མེད་པ་འདི་ཅི་འདྲའི་མཛེས་པ་ཞིག་རེད་ཨང་། ཁྱད་པར་དུ་དགོན་འདི་ནས་བུ་སྐྱེས་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་དེ་ལག་བསྟར་ཚུལ་བཞིན་བྱེད་ཀྱི་འདུག་པས། ཤེས་འཇོན་གཉིས་ལྡན་ལ་མཐོང་ཆེན་དང་། གུས་བཀུར་ཡོད་ཅིང་། བསྙེན་བཀུར་ལེགས་སྟབས་དགོན་པ་ཁ་འཐོར་བའི་ཉེན་ཁ་གཏན་ནས་མེད་པ་ཞིག་རེད། དཔེར་ན་ཤེས་རིག་མཁས་ཆེན། སྐྱེས་བུ་ཆེན་པོ་ག་ཚད་བུད་པ་ལ། གཉའ་གནོན་བྱེད་མཁན་དང་། མི་དགའ་བ་ལྟ་བ། གནོན་ཤུགས་སྤྲད་པ་སོགས་རྩ་བ་ནས་མི་བྱེད་ཅིང་། དེ་ལས་ཀྱང་བརྩི་མཐོང་ཆེ་ཞིང་། གུས་བཀུར་ཡོད་པ་ཞིག་རེད། ཤེས་འཇོན་གཉིས་ལྡན་གྱི་མི་སྣ་བསྐང་འགུག་དང་། ནང་འདྲེན་བྱེད་པ་ལས་ཕྱིར་ཕུད་དང་གནོན་ཤུགས་སྤྲད་པའི་ལོ་རྒྱུས་གཏན་ནས་མ་གོ། དཔེར་ན་མདོ་དྲུག་རྟ་ཕོ་ལ་གོམ་པ་ཡོད་ན། ཨ་ཆེན་ཐང་ལ་ཟད་པ་མེད་ཟེར་བ་དེ་རང་རེད།
    ༨ སེར་ཤུལ་དགོན་དང་རིས་མེད།
    སེར་ཤུལ་དགོན་དེ་གནའ་ནས་རིས་མེད་ཀྱི་ལོ་རྒྱུས་ཤིག་ཡོད་པ་རེད་ཟེར། དཔེར་ན་རྙིང་མའི་སྐྱེས་ཆེན་མང་པོ་དང་འབྲེལ་བ་ཟབ་པའི་ལོ་རྒྱུས་ཡག་པོ་བཤད་རྒྱུ་འདུག དེ་ཡང་དགོན་མང་དགོན་གྱི་མཁན་པོ་ཚོ་དང་འབྲེལ་བ་ཟབ་པ་དང་། ཆོས་ཀྱི་བགྲོ་གླེང་དང་། ཆོས་ཀྱི་རྩོད་པ་ཚུལ་བཞིན་བྱེད་ཀྱི་ཡོད་པ་རེད་འདུག རྫ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་གསར་མའི་སྐྱེས་ཆེན་ཀུན་བཟང་བསོད་ནམས་དང་། རྙིང་མའི་སྐྱེས་ཆེན་འཇུ་མི་ཕམ་རིན་པོ་ཆེ་རྗེས་འཛིན་གྱིས་སྐྱོང་བ་ལྟ་བུ་རེད། ད་ལྟའི་དུས་སུ་ཡང་གསར་རྙིང་རིས་མེད། གྲུབ་མཐའ་རིས་མེད། ཕན་ཚུན་གུས་བཀུར་ཡོད་ནི། ཀུན་ལ་ངོ་མཉམ་པ་སོགས་ཀྱི་དགེ་མཚན་ཁྱད་པར་ཅན་འདུག དཔེར་ན། སེར་ཤུལ་དགོན་གྱི་ཆོས་གྲྭར་ས་དགེ་བཀའ་རྙིང་གྲུབ་མཐའ་འཛིན་པ་གང་ཞིག་ཞུགས་རུང་ཆོག་གི་ཡོད་ལ། དེ་ལ་ལྟ་སྟངས་གཅིག་པ། ངོ་མཉམ་པ། བརྩི་མཐོང་ཆེ་བ་སོགས་ཁ་མིན་དོན་གྱིས་ལག་བསྟར་བྱེད་ཀྱི་འདུག་པས་སྤྲོ་འོས་པ་ཞིག་རེད་ལགས། ། ། །
    
 
 


 

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་བྲག་ཕུག་རྩིག་བཟོ།
  • ལེ་ཚན་རྗེས་མ།:རྡོ་རིང་པཎྚི་ཏ་དར་མདོ་ནས་ཁྲིན་ཏུར་སླེབས་པའི་མཐོང་ཐོས།
  • དོ་སྣང་ཆེ་བའི་རྩོམ།