བོད་ཀྱི་བྱིས་པར་སློབ་གསོ་གཏོང་ཐབས་རིགས་ཤིག་གི་བགྲོ་གླེང་།

འབའ་ཚེར་རྟ་མགྲིན་རྡོ་རྗེ།        2012-04-17

སློབ་གསོ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་སྲོག་རྩ་ཡིན་པས།བདག་ལ་གང་བྱུང་དུ་སློབ་གསོ་སྨྲ་བའི་སྤོབས་པ་གང་མི་མངའ་མོད།ཉེ་སྔོན་༼བོད་ཀྱི་བྱིས་པའི་སློབ་གསོ་གཏོང་ཐབས་རིགས་ཤིག་གི་ནག་ཉེས༽ཞེས་པའི་རྩོམ་ཡིག་ཅིག་ལས།རང་རེའི་བོད་ཀྱི་དགོངས་པ་ཅན་གྱི་བྱིས་པའི་སློབ་གསོ་གཏོང་ཐབས་ལ་བསམ་གཞིག་མི་བྱེད་པར།གོ་རེ་འཚིག་ཏོ་ཟོས་ན་དོང་ཙེ་རྙེད་ངེས་པ་ལ།༼དཔལ་ལྡན་རྒྱུད་བཞི༽ལས་རྙིང་བ་རུལ་བ་འཚིག་ཏོ་གསུམ། ནད་གཞི་འབྱུང་བའི་དུག་གསུམ་ཡིན། ཞེས་པ་ལུང་གི་རྒྱབ་བརྟེན་དུ་བཅོལ་ཏེ། དེ་ནི་བོད་ཀྱི་བྱིས་པའི་སློབ་གསོ་གཏོང་ཐབས་ཀྱི་ནག་ཉེས་སུ་བརྩིས་ཡོད་པས།འདིར་དེ་དང་འབྲེལ་ཏེ་གོ་རེ་འཚིག་ཏོ་ཟོས་ན་དོང་ཙེ་རྙེད་ངེས་ཞེས་པའི་སློབ་གསོ་གཏོང་ཐབས་ཀྱི་ལོག་རྟོག་ཟློག་པ་དང་།དེ་དང་རིགས་འདྲའི་སློབ་གསོ་གཏོང་ཐབས་སྐོར་རགས་ཙམ་གླེང་ཁུལ་བགྱི་ན།
སྤྱིར་འཚར་ལོངས་འབྱུང་བཞིན་པའི་བྱིས་པ་དག་ལ་མཚོན་ན།རྙིང་བ་དང་།རུལ་བ།འཚིག་ཏོ་ལ་སོགས་ཟོས་ན་ལུས་ཕུང་ལ་གནོད་པ་འབྱུང་སྲིད་ཀྱང་།གོ་རེ་འཚིག་ཏོ་ཟོས་ན་དོང་ཙེ་རྙེད་ངེས་ཞེས་པ་ལ་དགོངས་གཞི་མེད་པར།བོད་ཀྱི་སློབ་གསོ་གཏོང་ཐབས་ཀྱི་ནག་ཉེས་སུ་བརྩིས་ན།བོད་མིའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ།ཕ་མས་སློབ་གསོ་གཏོང་བར་གོམས་ཤིང་།བུ་ཕྲུག་གིས་དང་ལེན་བྱེད་རྒྱུར་སྤྲོ་བའི་སློབ་གསོ་གཏོང་ཐབས་ཀྱི་རིགས་ཤིག་སྟེ།ཆུ་མགོའི་ནང་དུ་ཁྲག་ཐིགས་སུ་བཅུག་ན་རྐང་ལག་ན་བ་བ་དང་།ཆུ་ནང་དུ་གཅིན་པ་བཏང་ནས་ཨ་མའི་ནུ་མར་ན་ཟུག་སྐྱེས་པ་དང་།ཟླ་བ་ལ་མཛུམ་མོས་ཀེར་ན་རྣ་བ་གཅོད་པ་དང་།ཉལ་ཁར་མེ་རྩེ་བྱས་ནས་ཉལ་སའི་ནང་དུ་གཅུན་ཤོར་འགྲོ་བ་དང་།འབུ་སྲིན་ཆུང་ངུ་བསད་ན་དེའི་ཨ་མས་རོ་སྐྱིན་ལེན་ངེས་དང་།ལ་ཕུག་གི་རྔ་མ་ཟོས་ན་སྐྲ་སྐྱེས་པ་སོགས་རིགས་འདྲའི་སྣང་ཚུལ་དག་ཀྱང་དེ་ལས་མ་འདས་པར།བུ་ཕྲུག་དག་གིས་གོ་རེ་འཚིག་ཏོ་ཟོས་ན་ནད་གཞི་འབྱུང་ངེས་པ་ལྟར།རྐང་ལག་ན་བ་དང་།ཨ་མའི་ནུ་མར་ན་ཟུག་སྐྱེས་པ།རྣ་བ་གཅོད་པ།གཅིན་པ་ཤོར་འགྲོ་བ།འབུ་སྲིན་གྱིས་རོ་སྐྱིན་ལེན་ངེས་པ་སོགས་ཀྱི་འབྲས་བུའི་རྟགས་མཚན་འབྱུང་སྲིད་པར་བཤད་ཀྱང་། དངོས་ཡོད་གནས་ཚུལ་ལས་དེ་ལྟ་མིན་པ་བྱིས་པ་མ་གཏོགས་སུས་མི་ཤེས།
ལོ་རྒྱུས་རིག་པའི་ངོས་ཐད་ནས་བལྟས་ན།སློབ་གསོ་ནི་ལོ་རྒྱུས་ཀྱི་སྣང་ཚུལ་ཞིག་ཡིན་ཞིང་།མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས།སློབ་གསོའི་བསམ་བློ་ལ་འགྱུར་ལྡོག་འབྱུང་སྲིད་པ་བསྙོན་དུ་མེད་མོད།རྩོམ་པ་པོས་སློབ་གསོ་གཏོང་ཐབས་ཀྱི་རིགས་འདི་ཁྱིམ་གྱི་སློབ་གསོ་ལས་བརྒལ་ཏེ།སློབ་གྲྭའི་སློབ་གསོར་སྤྱད་ཡོད་པ་མ་ཟད།དགེ་རྒན་དག་གིས་མཇུག་འབྲས་འཚོལ་ཞིབ་བྱེད་ཐབས་ཀྱི་སློབ་གསོ་ཞིག་ཏུ་བརྩིས་ཡོད་པ་ནི་ཤིན་ཏུ་ནོར་འཁྲུལ་གྱི་ལྟ་བ་ཞིག་ཏུ་སྣང་།རྒྱུ་མཚན་ནི་སློབ་གསོ་གཏོང་ཐབས་ཀྱི་རིགས་འདི་སློབ་གྲྭའི་སློབ་གསོའི་གྲས་སུ་བཞག་ཀྱང་།འདི་ལ་དགོངས་གཞི་མེད་པར་གོ་རེ་འཚིག་ཏོ་ཟ་རུ་འཇུག་རྒྱུ་ཁོ་ནར་དྲན་པ་ཡིན་ན།དགེ་རྒན་དག་ལའང་ཤེས་བྱའི་གོ་རྟོགས་མེད་པའི་རྟགས་མཚན་མ་ཡིན་ནམ།འོ་ན་སློབ་གསོ་གཏོང་ཐབས་ཀྱི་རིགས་འདིའི་དགོངས་གཞི་གང་ཡིན་ཞེ་ན།དེ་ནི་ཕ་མ་དང་གིས་རང་ཉིད་ལས་ཆད་པའི་བུ་ཕྲུག་དག་ལ།བསམ་བཞིན་དུ་གོ་རེ་འཚིག་ཏོ་ཟ་རུ་བཅུག་ནས།ནད་པར་གཏོང་རྒྱུ་མ་ཡིན་པར།ཆུང་བྱིས་པའི་དུས་ནས་བྱ་བ་ཆེ་ཆུང་གང་ཞིག་བསྒྲུབས་ཀྱང་གཟབ་གཟབ་བྱ་རྒྱུ་དང་།གོ་རེ་འཚིག་ཏོ་དང་དོང་ཙེ་གཉིས་བར་གྱི་གཏན་ཚིགས་ཀྱི་འབྲེལ་བ་ཤེས་སུ་བཅུག་ནས་ཇི་ལྟར་གྲོན་ཆུང་བྱེད་དགོས་པ་དང་།གྲོན་ཆུང་བྱས་པ་ལས་རང་བཞིན་གྱི་དོང་ཙེ་རྙེད་ངེས་ཞེས་པའི་དཔེ་ལྟར། ཁོར་ཡུག་སྲུང་སྐྱོབ་དང་། ཡུལ་སྲོལ་གོམས་གཤིས། ཡ་རབས་ཀྱི་གུས་ལུགས། འཚེ་མེད་ཞི་བའི་ལམ་སོགས་ལ་སྐུལ་བ་ནི། སློབ་གསོ་གཏོང་ཐབས་རིགས་འདིའི་དགོངས་གཞི་དངོས་ཡིན་ནོ། །
མདོར་ན།དགོངས་པ་ཅན་གྱི་བྱིས་པའི་སློབ་གསོ་གཏོང་ཐབས་ཀྱི་རིགས་ལ་བྱིས་པ་དག་གིས་གོ་བ་ལོན་པར་དཀའ་སླ་གཉིས་ཀྱང་།ཕ་མེས་དག་གིས་ངག་ནས་ངག་ཏུ་བརྒྱུད་དེ་མི་རབས་རྗེས་མ་རྣམས་ལ་སྤེལ་ཞིང་གོ་བསྐོན་སློབ་གསོ་གཏོང་བ་ཡིན་པས།ཚུལ་དེ་དམངས་སྲོལ་དང་དམངས་ཁྲོད་རྩོམ་རིག་གི་ཁོངས་སུ་བཞག་ནས་བལྟས་ན་ངག་རྒྱུན་དང་གཏམ་རྒྱུད།གླུ་ལ་གཞས་སོགས་ཀྱི་ནུས་པ་དང་གཉིས་སུ་མེད་པས་གཟུགས་མེད་རིག་གནས་ཀྱི་གྲས་སུ་གཏོགས་ལ།ཕ་མ་དང་དགེ་རྒན་དག་གིས་བྱིས་པའི་སློབ་གསོ་གཏོང་ཐབས་རིགས་དེའི་དགོངས་གཞི་ལོན་པར་བྱས་ནས་སློབ་གསོའི་ལག་ལེན་ནང་གང་ལ་གང་འཚམ་དུ་སྤྱད་དེ།བྱིས་པ་དག་གིས་གོ་བ་ལོན་པར་རམ་འདེགས་དང་མྱུར་སྐྱོབ་བྱ་རྒྱུ་གལ་ཆེའོ། །
 ༼རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ།༽
  • ལེ་ཚན་སྔོན་མ།:སློབ་གསོ་དང་མི་གཤིས་སྐོར་གྱི་བགྲོ་གླེང་།
  • ལེ་ཚན་རྗེས་མ།:ཁྱིམ་གྱི་སློབ་གསོ་དང་མི་རིགས།
  • དོ་སྣང་ཆེ་བའི་རྩོམ།