ཁམས་འདྲ་པ་ས་ཁུལ་གྱི་མ་ཎི་ཆོས་བྲོ།

བཀྲ་ཤིས།        2012-02-28

ཁམས་འདྲ་པ་ས་ཁུལ་གྱི་མ་ཎི་ཆོས་བྲོ།

ཁམས་འདྲ་པ་ས་ཁུལ་གྱི་མ་ཎི་ཆོས་བྲོ།

 

དཀར་མཛེས་ཁུལ་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་དུ་རྟའུ་རྫོང་གི་འཁྲབ་སྟོན་པ་རྣམས་ཀྱིས་འཁྲབ་པའི་མ་ཎི་ཆོས་བྲོ་ཡིས་ལྟད་མོ་བ་རྣམས་ཀྱི་ཡིད་སེམས་འཕྲོག་སྟེ་བསྟོད་པའི་མཐེ་བོང་མི་བསྒྲེངས་མཁན་མེད་ལ་བསྔགས་པའི་ཐལ་མོ་མི་བརྡེབས་མཁན་མེད་པས་སྐབས་འདིར་མ་ཎི་ཆོས་བྲོའི་སྐོར་ངོ་སྤྲོད་མདོར་བསྡུས་ཙམ་བྱ།
    འདྲ་པ་ནི་དཀར་མཛེས་ཁུལ་རྟའུ་དང་ཉག་ཆུ་རྫོང་བར་དུ་གནས་ཡོད།ས་འདི་ན་གནས་བཅས་པའི་འདྲ་པ་བ་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་དུ་ཕྱི་རོལ་ཡུལ་དང་འབྲེལ་འདྲིས་ཉུང་བས་གསང་བ་ལྐོག་གྱུར་ཅན་གྱི་བོད་རིགས་ཀྱི་ཚོ་པ་ཞིག་ཏུ་ཆགས་ཏེ་མ་རྒྱུད་ཤེས་རིག་གི་གདོད་མའི་རྣམ་པ་སོར་ཉར་བྱས་ཡོད།འདྲ་པ་བ་ནི་མཁར་རྫོང་དུ་སྡོད་པར་དགའ་ཞིང་ཕག་ཤ་རུལ་མ་བཟའ་བར་འདོད་མོས་ཆེ།དུར་ས་ནི་གཙོ་བོ་བྲག་དུར་བྱེད་ཅིང་རྫ་ཆས་ཀྱི་རིགས་བཟོ་བར་ཤིན་ཏུ་མཁས།ཁོང་ཚོས་ཞིང་ལས་གཙོ་བོར་བྱས་ཤིང་དུས་ཡུན་རིང་པོའི་ནང་གདོད་མའི་ཆོས་ལུགས་དང་བོན་ཆོས།བོད་བརྒྱུད་ནང་བསྟན་ཆོས་ལུགས་བཅས་ཞི་མཐུན་གྱིས་མཉམ་དུ་གནས་པས་མི་རྣམས་ཀྱི་འཚོ་བ་དང་བསམ་བློ་ཡི་ཐད་ལ་གཞན་དང་མ་འདྲ་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད་དེ།མ་ཎི་ཆོས་བྲོ་ནི་དེའི་ནང་གི་སྡུག་གུར་བཀྲ་བའི་མེ་ཏོག་ལྟ་བུ་ཞིག་ལགས།།
     ཀ མ་ཎི་ཆོས་བྲོའི་ཁྱད་ཆོས།
     འདྲ་པའི་མ་ཎི་ཆོས་བྲོ་ནི་འཚོ་གནས་ཀྱི་ཁོར་ཡུག་དང་ཆོས་ལུགས་སྲོལ་རྒྱུན་དང་འབྲེལ་བ་དམ་པོ་ཡོད་པའི་དམངས་ཁྲོད་ཀྱི་རོལ་དབྱངས་གླུ་བྲོ་ཞིག་སྟེ་མི་རིགས་གླུ་གར་སྐྱེད་ཚལ་ནང་གི་ཡང་རྩེར་སོན་པའི་ཡིད་དགའི་མེ་ཏོག་ཅིག་ཡིན་ལ་བོད་ཁུལ་དུ་ཧ་ཅང་མཐོང་དཀའ་བ་ཞིག་རེད།དེའི་ནད་དོན་ནི་མ་ཎི་འབྲུ་དྲུག་གྱེར་འདོན་བྱས་པ་གཙོ་བོར་བྱས་འདུག །དེ་ལྟ་བུའི་དམངས་ཁྲོད་རོལ་དབྱངས་ནི་ས་དེ་གའི་བོད་རིགས་མི་དམངས་ཀྱི་འཚོ་གཞེས་བྱེད་སྟངས་དང་ཁ་བྲལ་ཐབས་མེད་ལ་མི་རྣམས་ཀྱི་འཚོ་བའི་ནང་ལ་མེད་དུ་མི་རུང་བའི་ལག་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད།
     ལོ་རྒྱུས་ཐོག་ལ་རྟའུ་རྫོང་གི་གདུང་རྒྱུད་ཚོ་པའི་གྲུབ་ཚུལ་དང་རུས་རྒྱུད་བར་གྱི་འབྲེལ་བ།ཆོས་ལུགས་དང་ལོ་རྒྱུས།རིག་གནས་སོགས་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་སྟེ་གནའ་དེང་གི་ལོ་རྒྱུས་རིག་པ་བ་དང་མི་རིགས་རིག་པ་བ།སྤྱི་ཚོགས་རིག་པ་བ་རྣམས་ཀྱི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ཞིག་ཏུ་ཆགས།རིག་གནས་མི་འདྲ་བ་སོ་སོར་ཆོས་ལུགས་གཙོ་བོར་བྱས་པའི་ཆོས་ལུགས་རིག་གནས་ཀྱིས་ཚེ་སྲོག་ལ་གཅེས་སྐྱོང་དང་ཁོར་ཡུག་ལ་སྲུང་སྐྱོང་།རང་བྱུང་ཁམས་ལ་བརྩི་འཇོག་དང་དད་མོས་བྱས་པ་མ་ཟད་ལྷ་ལྟར་བརྩིས་ཏེ་ཐག་རིང་སའི་རི་ཆུ་དང་ཐུང་སའི་ཁྱིམ་ཚང་དང་མི་སྒེར།འཚོ་བའི་ཁོར་ཡུག་སོགས་ནི་ལྷ་ཡིས་བསྐོར་ནས་ཡོད་པར་འདོད་པས་དུས་ནམ་ཡང་དེ་དག་ལ་གུས་གུས་ཞུམ་ཞུམ་བྱེད་བཞིན་ཡོད་པ་རེད།
     རྟའུ་རྫོང་གི་སྲོལ་རྒྱུན་རིག་གནས་ནང་གི་དམངས་ཁྲོད་རིག་གནས་ནི་སྲོལ་རྒྱུན་འདུ་ཤེས་འཛིན་སྟངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ས་དེ་གའི་མི་རྣམས་ཀྱི་བསམ་བློའི་རྒྱགས་ཕྱེ་གཙོ་བོ་ཞིག་ཀྱང་ཡིན།ཕུན་སུམ་ཚོགས་པའི་དམངས་ཁྲོད་རིག་གནས་ཀྱིས་ཕ་ཡུལ་དང་མི་ཚེ།ངལ་རྩོལ་ལ་བསྟོད་བསྔགས་བྱེད་པ་གཙོ་བོར་བྱས་ཏེ་བཅོས་མིན་གྱི་མཛེས་དཔྱོད་ལྟ་བ་དང་ཧུར་བརྩོན་གྱིས་གོང་དུ་བསྐྱོད་པའི་སྙིང་སྟོབས་མཚོན་ཡོད་དོ།།
     ལོ་ལྟར་དཔྱིད་རྨོ་ལ་འཁེལ་དུས་གྲོང་པའི་ཕོ་མོ་རྒན་གཞོན་ཀུན་གྱིས་གཟབ་ཆས་སྤྲས་ཏེ་མ་གྲོས་གཅིག་མཐུན་གྱིས་མཁར་རྫོང་གི་མཐའ་འཁོར་དུ་འཛོམས་ནས་གླུ་ལེན་བྲོ་འཁྲབ་བྱས།མ་ཎི་ཆོས་བྲོ་ཡོངས་ལ་དུམ་མཚམས་སོ་བརྒྱད་ཡོད་ཅིང་དུམ་མཚམས་སོ་སོའི་དབྱངས་ཀྱི་འགྱུར་ཁུགས་མི་འདྲ་ལ་བྲོ་ཡི་གོམ་པའི་སྟངས་སྟབས་ཀྱང་མི་འདྲ།དུམ་མཚམས་དང་དུམ་མཚམས་བར་རང་བྱུང་གི་གདངས་དབྱངས་བརྗེ་བ་ཡོད་ལ་དབྱངས་ཀྱི་འདེགས་འཇོག་གསལ་བའི་བའི་གྱེར་འདོན(ཁ་གཞས)ཀྱང་ཡོད།འཁྲབ་དུས་སྐྱེས་པ་དང་བུད་མེད་སོ་སོར་བགོས་ཏེ་ཕན་ཚུན་མཉམ་དུ་ལེན་རེས་བྱེད་པའི་ཚུལ་གྱིས་གླུ་ལེན་བྲོ་འཁྲབ་བྱེད།
     སུ་ཡི་ཞིང་ཁ་རུ་མ་ཎི་ཆོས་བྲོ་འཁྲབ་ན་ལོ་དེ་ལ་ཁྱིམ་ཚང་དེར་ལོ་ལེགས་འབྱུང་བའི་བཤད་སྲོལ་དར་བས་ལོ་རེ་རེ་བཞིན་རེས་མོ་བྱས་ནས་མ་ཎི་ཆོས་བྲོ་དེ་འཁྲབ་པའི་ཡུལ་སྲོལ་ཆགས།
     འདྲ་པ་ས་ཆ་ལ་དར་བའི་མ་ཎི་ཆོས་བྲོ་ཡི་ཉིང་དགོས་ནི་འབྲུ་དྲུག་ལོ་ལེགས་འབྱུང་བ་དང་གྲོང་པ་ཞི་འཇགས་ཕུན་སུམ་ཚོགས་པར་གསོལ་བ་འདེབས་པ་ཞིག་ཡིན་ལ་བོད་ཀྱི་ས་ཆ་གཞན་དག་དུ་དར་བའི་སྐོར་བྲོ་དང་འབའ་གཞས།རས་པ་དང་མི་འདྲ།དེའི་རོལ་དབྱངས་སྙན་ཞིང་འཇེབས་ལ་གདངས་ཀྱི་འགྱུར་ཁུག་གསལ་ཞིང་དབྱངས་ཀྱི་འདེགས་འཇོག་མཐོ་དམའ་རན་པའི་ཁྱད་ཆོས་ལྡན་ནོ།།
     ཁ འདྲ་པའི་མ་ཎི་ཆོས་བྲོ་ཡི་རྒྱན་གོས་ཀྱི་ཁྱད་ཆོས།
     ༡བུད་མེད་ཀྱི་རྒྱན་གོས།བུད་མེད་རྣམས་ཀྱི་མགོའི་སྐྲ་ལ་མདུན་དུ་ཁག་གསུམ་དང་རྒྱབ་ལ་ཁག་གསུམ་དབྱེ་སྟེ་སོ་སོ་ལན་བུར་བསླས།དེ་ནས་མདུན་རྒྱབ་གཉིས་ཀ་ཕྱོགས་གཅིག་ཏུ་སྦོམ་པོར་བསླས་པ་ལ་སྐྲ་ཐག་ནག་པོ་རྣམས་བརྒྱུས་ཏེ་རིང་ཐུང་ལི་སྨི་50ཙམ་ཡོད་པ་ཞིག་མགོ་བོར་དཀྲིས་ཏེ་ཐོག་ལ་དངུལ་ལས་བརྡུངས་པའི་དབྱིབས་སྒོར་སྒོར་གྱི་མགོ་རྒྱན་གྱིས་མནན།ཐོད་པའི་གཡས་གཡོན་དུ་ལན་བུ་ཕྲ་མོ་གསུམ་རེ་བསླས་ཏེ་བྱུ་རུ་སོགས་བརྒྱུས།མགོ་རྒྱབ་ཀྱི་སྐྲ་ཡང་ལན་བུར་བསླས་ཏེ་ཐོག་ལ་དངུལ་ལས་བརྡུངས་པའི་དབྱིབས་སྒོར་སྒོར་གྱི་མགོ་རྒྱན་གྱིས་མནན།རྣ་རྒྱན་ནི་གསེར་དངུལ་གྱིས་བརྒྱན་པའི་བྱུ་རུ་དང་གཡུ་སོགས་ཡོད།བྲང་ཁོག་ཏུ་གསེར་དང་དངུལ་གྱི་མེ་ཏོག་གིས་གདན་བྱས་ཏེ་ཐོག་ལ་བྱུ་རུས་བརྒྱན་ནས་བཏགས།སྐེད་པར་ཆབ་མ་དང་འགྲོན་བུས་སྤྲས་པའི་སྐེད་རགས་གཉིས་ཡོད་ལ་སྐེད་པའི་གཡས་ཕྱོགས་སུ་དངུལ་ཐག་དང་དངུལ་ཁུག་བཅས་བཏགས་ཡོད།ལག་པར་གསེར་དང་དངུལ།གཡུ་ཡི་གདུབ་འདོགས་སྲོལ་ཡོད།ལུས་ལ་ཕུ་མེད་ཀྱི་ཆ་སྡེབ་སྨད་གཡོགས་དང་སྟོད་འགག།བོད་ལྷམ་བཅས་གོན་པར་བྱས།
     ༢སྐྱེས་པའི་རྒྱན་གོས།ཁོག་སྟོད་ལ་གྱོ ན་པའི་ཕུ་ཐུང་རིང་ལ་སྒྲོག་གུ་གཡས་ལོགས་སུ་སྒྲོག་དགོས་ལ་གོང་བར་གོས་ཆེན་སེར་པོ་ཡིས་བརྒྱན་ཡོད།སྐེད་རགས་ནི་མདོག་གཅིག་ཅན་ཏེ་སེར་པོ་དང་ལྗང་ཁུས་གཙོ་བོར་བྱས་ལ་སྐེད་རགས་འཆིང་དུས་སྣེ་གཉིས་ཀྱི་ཚར་བུ་གཡས་གཡོན་དུ་ཐུར་དུ་དཔྱངས།དོར་མ་དང་ལྷམ་ནི་བོད་ཁུལ་གཞན་དག་དང་གཅིག་པ་རེད།མགོ་ཡི་སྐྲ་དང་སྐྲ་ཐག་དམར་པོ་གཉིས་་མཉམ་དུ་བསླས་ཤིང་མགོ་བོར་དཀྲིས་ཏེ་སྐྲ་ཐག་གི་མཇུག་སྣེ་ཐོད་པའི་གཡས་སུ་དཔྱངས།སྐྲ་ཡི་ལན་བུར་སྤོས་ཤེལ་འདོགས་སྲོལ་ཡོད།འདྲ་པའི་སྐྱེས་པ་རྣམས་ཀྱིས་གཡོན་གྱི་རྣ་བ་འབིགས་ཏེ་རྣ་་ལུང་བཏགས་པའི་ས་སྲོལ་ནི་བོད་ཀྱི་གནའ་རབས་ཀྱི་སྲོལ་མ་ཉམས་རྒྱུན་འཇགས་སུ་གནས་པ་དེ་ལགས།།
     ༣རྒྱུན་ཆད་ལ་ཉེ་བའི་མ་ཎི་ཆོས་བྲོ་མུ་མཐུད་དེ་རྒྱུན་འཛིན་བྱ་དགོས།
     རང་རྒྱལ་གྱི་ས་ཁོངས་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དམངས་ཁྲོད་ཀྱི་རོལ་དབྱངས་ནི་ལོ་ངོ་ཁྲི་སྟོང་མང་པོ་བརྒྱུད་ནས་འཕེལ་རྒྱས་དང་གསོག་འཇོག་བྱས་ཏེ་སྣ་མང་སྣེ་འཛོམས་ཅན་དུ་གྲུབ་པ་རེད།མ་ཎི་ཆོས་བྲོ་ནི་འདྲ་པ་བ་རྣམས་ཀྱིས་དུས་ཡུན་རིང་པོའི་ནང་ཐོན་སྐྱེད་དང་འཚོ་གཞེས་ཀྱི་གོ་རིམ་ཁྲོད་དུ་གོམས་སྦྱོང་བརྡར་གསུམ་བྱས་ཏེ་སྨིན་པ་ཞིག་རེད།གནའ་ནས་བཟུང་རོལ་དབྱངས་ནི་མི་དམངས་ཀྱི་འཚོ་བ་དང་ཁ་བྲལ་མ་མྱོང་ལ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མཉམ་དུ་འགྲོགས་ཏེ་ང་ཚོའི་རྣ་བའི་བདུད་རྩིར་གྱུར་ཏེ་སེམས་ལ་སྤྲོ་བ་བསྐྱེད་པ་མ་ཟད་ཕུལ་དུ་བྱུང་བའི་རོལ་དབྱངས་དེ་དང་དེ་འདྲ་བ་རྣམས་ཀྱིས་མི་རིགས་ཤིག་གི་སྙིང་སྟོབས་དང་ཡིད་ཆད་ཀྱི་བློ་སྤོབས་བརྒྱུད་འཛིན་དང་ཁྱབ་སྤེལ་བྱས་པ་རེད།།
     ཕུལ་བྱུང་གི་རོལ་དབྱངས་ཤིག་ཡིན་ན་མི་རྣམས་ཀྱི་བསམ་བློ་དང་སེམས་རྒྱུད་ལ་དག་སྦྱོང་ཐེབས་ཏེ་སྤྱིར་བཏང་གི་འཚོ་བའང་བྲོ་བས་ཕྱུག་སྟེ་མི་ཚེའི་རིན་ཐང་བླ་ན་འཕགས་ཤིང་མཛེས་དཔྱོད་ཀྱི་ལྟ་བ་ལ་འོད་མདངས་འཕྲོས།
     སྙན་འཇེབས་ཀྱི་རོལ་དབྱངས་ཁྲོད་དུ་ང་ཚོས་ལོ་རྒྱུས་ལ་ཕྱིར་བལྟ་དང་མ་འོངས་ལ་རྒྱང་ལྟ་བྱས་ནས་འཚོལ་སྙེག་གི་གོམ་པ་ལ་འཇོག་མཚམས་མེད།།
     དེ་ལྟར་མི་རིགས་ཀྱི་དམངས་ཁྲོད་རོལ་དབྱངས་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གནད་དོན་ལ་མཁས་པ་རྣམས་ཀྱིས་མཐོང་ཆེན་མཛད་དེ་སྒྲ་ཐག་དང་བརྙན་འཕྲིན་དུ་ཕབ་སྟེ་མུ་ནས་མུ་རུ་ཚེ་སྲོག་རྒྱས་པའི་བྱ་གཞག་རླབས་པོ་ཆེ་བསྒྲུབས་དང་སྒྲུབ་བཞིན་མཆིས།།
     འདྲ་པ་ཡི་ཁྱད་པར་གྱི་འཚོ་བའི་ཁོར་ཡུག་དང་ཕྱི་རོལ་ནས་ཡོང་བའི་རིག་གནས་འདུ་ཤེས་བཅས་ཀྱིས་མ་ཎི་ཆོས་བྲོ་བར་སྐབས་ཤིག་ལ་ཉམས་ཉེས་སུ་སོང་ཡང་།ས་གནས་དེ་དག་གི་དམངས་ཁྲོད་རིག་གནས་ལ་དགའ་ཞེན་ཡོད་པའི་མི་ཡ་རབས་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་སླར་དཔྱིད་ཀྱི་དཔལ་ཡོན་རྒྱས་འགོ་བརྩམས།དེས་ན་ང་ཚོས་ཡུལ་སྐོར་ལྗོངས་རྒྱུ་དང་ཁོར་ཡུག་སྲུང་སྐྱོང་བྱ་འགུལ་བཅས་གོ་སྐབས་དང་བསྟུན་ནས་མ་ཎི་ཆོས་བྲོ་དེ་ས་གནས་སོ་སོ་རུ་འཁྲབ་སྟོན་བྱས་ཏེ་ཕྱི་ནང་ཀུན་ལ་ངོ་སྤྲོད་བྱས་ཤིང་བོད་མི་ན་གཞོན་རྣམས་ཀྱིས་མིག་གིས་མཐོང་ལ་རྣ་བས་ཐོས་ཤིང།ངག་གིས་ལེན་ཤེས་པ་དང་ལུས་ཀྱིས་འཁྲབ་ཤེས་པར་གྱུར་ན།མེ་ལྕེ་ལྷབ་ལྷུབ་ཏུ་འབར་བའི་ནོར་བུ་གདོང་དྲུག་དང་འདྲ་བའི་མ་ཎི་ཆོས་བྲོ་དེ་དུས་ནམ་ཡང་མཐོ་སྒང་དུ་ཆགས་ཤིང་གནས་ལ་སྒྱུ་རྩལ་གྱི་གཟི་བྱིན་འཕྲོ་བར་ངེས་སོ། །

  • ལེ་ཚན་སྔོན་མ།:ལྷ་མོ།
  • ལེ་ཚན་རྗེས་མ།:རྣམ་ཐར་ཟློས་གར་གྱི་བྱུང་རབས་མདོ་ཙམ་བརྗོད་པ།
  • རྩོམ་གསར། 10