དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་མཇུག་བསྒྲིལ།

ཐུབ་བསྟན་དང་ཨོ་རྒྱན། མིག་དམར།        2012-01-05

ལིའུ་ཏའོ་ཕིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཤིང་ལི་ཁམས་ཁུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་ཐོན་བྱུང་བ་དང་ཡེ་ཤེས་ཟླ་བ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ལ་བདམས་ཐོན་བྱུང་།
ཟླ་བ་དང་པོའི་ཚེས4ཉིན་གྱི་ཕྱི་དྲོར།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད།ལིའུ་ཏའོ་ཕིང་གིས་་གྲོས་ཚོགས་ཀྱི་གཙོ་འགན་བཞེས།ཐེངས་འདིའི་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ལིའུ་ཏའོ་ཕིང་དང་ལི་ཁམས།ལིའུ་ཕིང་།ཁྲེན་ཀྲུང་དབྱི།ཏོན་ནེང་ཁེ།ཞུས་ཀྲི་ཝུན།ཧུའུ་ཏེ་མིང་།ལིའུ་ཀྲི་ཏུང་།ཝང་ཁྲེང་ཁང་།ཁྲེན་ཧུང་པའོ།ལེ་ཅན་ཕིང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་རེད།ཐེངས་འདིའི་ཚོགས་ཆེན་ནང་ཞུགས་དགོས་པའི་འཐུས་མི289ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི275བཅས་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།གྲོས་ཚོགས་ཐོག་ལི་ཁམས་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བདམས་བསྐོས་བྱས་པ་དང་།ལི་ཀྲི་མིང་དང་སྐྱབས་མགོན་དཔལ་ལྡན་རྡོ་རྗེ།ཧུའུ་ཏེ་མིང་།ལིའོ་ཚའེ་ཁུན།དབྱང་ཀའོ་ཡོན།ཁྲེན་ཏེ་ཀུའེ།པའེ་ཧྲུའུ་ཡིང་།དབྱང་དབྱི་ཁང་བཅས་ཀྲུའུ་རེན་གཞོན་པ་བདམས་བསྐོས་བྱས།ཡེ་ཤེས་ཟླ་བ་ཁུལ་སྲིད་གཞུང་གི་ཁུལ་དཔོན་བདམས་བསྐོས་བྱས།ཝང་དབྱང་དང་དབྱང་ཞའོ་ཏུང་།ཞུས་ཁྲུན་ཞིའུ།ཀྲང་ཕིང་ཧྲེན།ཧྲུའུ་ཏ་ཁྲུན།ཀུའོ་ལིན།ཐང་ཆང་།ཧྲུའུ་ཝུན་བཅས་ཁུལ་དཔོན་གཞོན་པ་བདམས་བསྐོས་བྱས།ཏེང་ཆིང་ཀའོ་ཁུལ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་བདམས་པ་དང་ཝུའུ་ཁྲང་ཧྥུ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་བདམས་ཏེ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་ཆོག་མཆན་གནང་རྒྱུ་སྤྲད་པ་རེད།དེ་མིན་ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ།ཨུ་ཡོན་བཅས་བདམས་ཐོན་བྱུང་བ་རེད།གྲོས་ཚོགས་ཐོག་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་།དཀར་མཛེས་ཁུལ2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱེད་པའི་གནས་ཚུལ་དང་2012ལོའི་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།དཀར་མཛེས་ཁུལ2011ལོའི་ནོར་སྲིད་སྔོན་རྩིད་ལག་བསྟར་བྱེད་པའི་གནས་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།ཁུལ་སྐབས་བཅུ་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་སྐོར་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འོས་འགན་སློབ་གསོའི་ཁྲིམས་སྲོལ་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།གསར་དུ་བདམས་ཐོན་བྱུང་བའི་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁང་གིས་གསུང་བཤད་གནང་བ་རེད།ཁོང་གིས་དཀར་མཛེས་བོད་རིགས་རང་སྐྱོང་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་འཐུས་མི་ཡོངས་ཀྱི་མཉམ་པོས་འབད་བརྩོན་བྱས་པ་བརྒྱུད་གྲོས་རིམ་ཁག་རྣམས་ལེགས་གྲུབ་བྱུང་སྟེ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད།གྲོས་ཚོགས་ཐོག་ནན་ཏན་གྱི་སྒོ་ནས་ཏང་གི་སྐབས་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ།ཞིང་ཆེན་ཏང་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཐེངས་བཅུ་པའི་ཏང་གི་འཐུས་མི་ཚོགས་ཆེན་བཅས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་།འཐུས་མི་རྣམ་པའི་ཕྲག་ཏུ་མི་དམངས་རྣམས་ཀྱི་མངག་བཅོལ་གལ་ཆེ་ཁུར་ནས་བདག་པོའི་འདུ་ཤེས་དང་ཆབ་སྲིད་ལ་འགན་ཁུར་བའི་བསམ་པ་བཅས་བཅངས་ཏེ་གཟབ་ནན་གྱིས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་ལས་འགན་བསྒྲུབས་ནས་གྲོས་ཚོགས་ལེགས་གྲུབ་བྱུང་བ་རེད།གྲོས་ཚོགས་དེ་ནི་སྔར་འཛིན་ཕྱིར་གཏོད་དང་དུས་བསྟུན་འཕེལ་རྒྱས་ཀྱི་གྲོས་ཚོགས་ཤིག་ཡིན་ཞིང་།བསམ་བློ་བཅིངས་འགྲོལ་དང་དམ་པ་དོན་གཉེར་གྱི་གྲོས་ཚོགས་ཤིག་ཡིན་ལ།དམངས་གཙོ་འཆམ་མཐུན་དང་མཐུན་སྒྲིལ་འབད་འབུངས་ཀྱི་གྲོས་ཚོགས་ཤིག་ཀྱང་ཡིན་པ་རེད།ཐེངས་འདིའི་གྲོས་ཚོགས་ནི་ཁུལ་ཡོངས་ཀྱི་མི་དམངས་ཀྱི་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན།གྲོས་ཚོགས་ཐོག་དམངས་གཙོ་དར་སྤེལ་བྱས་ཤིང་ཁྲིམས་ལ་བརྟེན་ནས་དོན་དག་སྒྲུབ་པ།སྲིད་གཞུང་གི་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་ཞིབ་བཤེར་བྱས་ཏེ་ཆོག་མཆན་གནང་།རང་ཁུལ་གྱི་མ་འོངས་པའི་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྱི་ལས་འགན་གཙོ་བོ་དང་2012ལོའི་སྲིད་གཞུང་གི་ལས་ཀ་བཀོད་སྒྲིག་གཏན་འཁེལ་བྱས་པ་རེད།སྐབས་གསར་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཚན་པ།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན།ཁུལ་ཞིབ་དཔྱོད་ཁང་གི་འགོ་འཛིན་བཅས་འདེམས་བསྐོ་བྱས་པས་ཏང་གི་འགོ་ཁྲིད་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་དང་ཁྲིམས་ལྟར་ཁུལ་སྐྱོང་བཅས་གཅིག་གྱུར་འཚམ་པོ་མངོན་འགྱུར་བྱུང་བ་རེད།ཐེངས་འདིའི་གྲོས་ཚོགས་ཐོག་འགོ་ཁྲིད་ཚན་པ་བདམས་ཐོ་བྱུང་བ་དེས་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་འོག་སྙིང་སྟོབས་ཆེ་སྐྱེད་དང་།ཡར་རྒྱས་བརྩོན་ལེན་བྱས་ཤིང་རེ་བ་སྟོང་ཟད་དུ་མི་བཏང་ནས་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་འགོད་རྒྱུ་རེད།འདས་པའི་ལོ་བཞིའི་ནང་བློ་མཐུན་འགྱུར་མེད་ཀྱིས་གཙོ་བོ་བྱས་པའི་ཁུལ་སྐབས་བཅུ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་པ་གསུམ”གྱི་དགོངས་པ་གལ་ཆེན་གྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་ལག་བསྟར་གཏིང་ཟབ་གཏོང་བ།ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་སྙིང་དོན་དོན་འཁྱོལ་ནན་ཏན་བྱས་པ།སྤྱི་ཁྱོན་ལ་དམ་པོར་དམིགས་པ་དང་འགན་འཁྲི་དོ་དན་སྒྲུབ་པ།བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་སྤྱིའི་བླང་བྱ་ལྟར།སྤྱི་ཡོངས་ཐོག་ལངས་ཤིང་འཕེལ་རྒྱས་གཏོང་རྒྱུར་དམིགས་པ།ཁྲིམས་བཅོས་བྱ་རྒྱུར་བརྩི་མཐོང་དང་དར་སྤེལ་གཏོང་བ།ཁྲིམས་ལྟར་འགན་ནུས་སྒྲུབ་པ་བཅས་བྱས་ཏེ་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པས།མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་ནུས་པ་གལ་ཆེ་བཏོན་ཡོད།ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བློ་མཐུན་འགྱུར་མེད་དང་ཁུལ་སྐབས་བཅུ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་མི་ཡོངས།ཁུལ་སྐབས་བཅུ་པའི་དམངས་ཆེན་འཐུས་མི་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།ཐེངས་འདིའི་ཚོགས་ཆེན་དུ་ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་མི་བདམས་ཐོན་བྱུང་བ་མ་ཚད་ང་རང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་ཐོན་བྱུང་བ་རེད།དེ་ནི་འཐུས་མི་རྣམ་པ་དང་ཁུལ་ཡོངས་ཀྱི་མི་དམངས་རྣམས་ཀྱིས་ང་ཚོར་ཡིད་ཆེས་ཡོད་པས་རེད།ངས་ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་མིའི་ཚབ་བྱས་ཏེ་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་དང་ང་ཚོས་ཁུལ་ཨུའི་འགོ་ཁྲིད་འོག་བློ་ཐག་རྦད་བཅད་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་ནུས་པ་ཡོད་དགུ་བཏོན་ནས་ལས་དོན་ཡག་པོ་བསྒྲུབས་ཏེ་ཁུལ་ཡོངས་ཀྱི་མི་དམངས་ལ་ཞབས་འདྲེན་མི་བཞག་པ་བྱེད་ངེས་ཡིན།ལས་འགན་གསར་པས་དམངས་ཆེན་གྱི་ལས་ཀར་རེ་བ་ཆེན་པོ་བཏོན་ཡོད།ང་ཚོས་ངེས་པར་དུ་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས།ཀྲུང་གོ་ཁྱད་ཆོས་ལྡན་པའི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུ་བཅས་རྒྱུན་འཁྱོངས་བྱ་རྒྱུ་ཡིན།སྔར་ལྷག་གིས་ས་གནས་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་བྱ་རྒྱུ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་ལ་ཁྲིམས་ལུགས་ཀྱི་འགན་སྲུང་བྱེད་རྒྱུ་སྐུལ་སྤེལ་བྱ་རྒྱུ།སྔར་ལྷག་གིས་ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཚད་ལྡན་རང་བཞིན་ལ་ཤུགས་སྣོན་རྒྱག་རྒྱུ།སྔར་ལྷག་གིས་དམངས་ཆེན་འཐུས་མིའི་ལས་དོན་ནང་རྐྱེན་འཐུས་ཚང་དང་གསར་གཏོད་བྱས་ཏེ་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ།སྔར་ལྷག་གིས་དམངས་ཆེན་གྱི་རང་སྟེང་འཛུགས་སྐྲུན་བྱས་ཤིང་ལས་དོན་ལེགས་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་དམངས་ཆེན་ལས་དོན་རྣམ་པ་གསར་པ་ཞིག་བསྐྲུན་རྒྱུ་ཡིན།ང་ཚོས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགོ་ཁྲིད་འོག་ཕྱར་བ་གྲུ་འདེགས།སྙིང་རུས་ཆེ་སྐྱེད་ཀྱིས་ཡར་རྒྱས་བྱས་ཏེ་ཁྱོན་ཡོངས་ནས་སྐྱེ་ཁམས་ཀྱི་དཀར་མཛེས་དང་འཆམ་མཐུན་གྱི་དཀར་མཛེས།བདེ་སྐྱིད་ཀྱི་དཀར་མཛེས་བཅས་བསྐྲུན་པར་མཐུན་སྒྲིལ་འབད་འབུངས་བྱེད་དགོས་ཞེས་གསུངས་པ་རེད།གྲོས་ཚོགས་ཐོག་གསར་དུ་བདམས་པའི་ཁུལ་དཔོན་ཡེ་ཤེས་ཟླ་བས་གསུང་བཤད་གནང་བ་རེད།ཁོང་གིས་གྲོས་ཚོགས་ཀྱིས་སྐབས་བཅུ་གཅིག་པའི་ཁུལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཚོགས་པ་བདམས་ཐོན་བྱས་ཤིང་ང་རང་ཁུལ་དཔོན་དུ་བདམས་པ་དེ་ནི་འཐུས་མི་རྣམ་པས་ང་ཚོ་ལ་ཡིད་རྟོན་དང་རྒྱབ་སྐྱོར་བྱེད་པ་ཡིན་ལ་ཁུལ་ཡོངས་ཀྱི་མི་དམངས་ཚང་མས་ང་ཚོ་ལ་བཅོལ་བའི་རེ་བ་དང་མངའ་བཅོལ་གལ་ཆེན་ཀྱང་ཡིན།དུས་དང་གནས་སྐབས་འདིར་ངས་སྙིང་ཐག་པ་ནས་ཏང་དང་མི་དམངས།འཐུས་མི་རྣམ་པ་ལ་ཐུགས་རྗེ་ཆེ་ཞུ་བ་མ་ཚད་རིམ་ཁུར་ཁུལ་དཔོན་རྣམ་པས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་ཟོལ་མེད་ཀྱི་ལྷག་བསམ་འབུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཁམས་པའི་རིག་གནས་བང་མཛོད་ཀྱི་སྒོ་མོ་མགྱོགས་མྱུར་དུ་ཕྱེ་བ་ནི་ང་ཚོའི་མདུན་དུ་ལྷགས་པའི་ལྡོག་མེད་ཀྱི་འགན་འཁྲི་ཡིན་ལ།དེ་མིན་གྱི་དམངས་འཚོའི་ཐད་ཐག་གཅོད་དགོས་པའི་ཁ་ཚ་དགོས་གཏུག་གི་གནད་དོན་དུ་མ་ཡང་ང་ཚོས་འགན་ཁུར་གྱི་བསམ་པ་བཅངས་ནས་ཐག་གཅོད་བྱ་རྒྱུ་སྒུག་བཞིན་ཡོད།སྤྱི་ལེ་གྲུ་བཞི་མ་ཁྲི15ཡོད་པའི་དཀར་མཛེས་ཁུལ་གྱི་རི་ཀླུང་དེ་བས་མཛེས་སྡུག་ལྡན་པ་དང་མི་དམངས་མང་ཚོགས་ཁྲི100ཡི་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བ་ནི་ངའི་ཟོལ་མེད་ཀྱི་རེ་འདུན་དང་སྲ་བརྟན་གྱི་དད་པ་ཡིན།སླད་མར་ཁམས་པའི་ཁྲག་དྲོན་རྦ་རླབས་བཞིན་འཕྱུར་བའི་སྤྲོ་སེམས་དང་མིག་རྒྱང་འཛམ་གླིང་ལ་བསྲིང་པའི་སྤོབས་སེམས་བཅངས་ནས་བཅའ་ཁྲིམས་ཤེས་ཤིང་སྤྱོད་པ་གཙང་བའི་ཁུལ་དཔོན་ཞིག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།སྐད་གསང་མཐོན་པོའི་རྒྱལ་གླུ་ཁྲོད་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དེ་རྒྱལ་ཁའི་ངང་ནས་མཇུག་བསྒྲིལ་བ་རེད།
  • ལེ་ཚན་སྔོན་མ།:སྲིད་གྲོས་སྐབས་བཅུ་གཉིས་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་དར་མདོར་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:ར་རྔ་ཁ་ནས་དཀར་མཛེས།སེར་ཤུལ་བཅས་བར་གྱི་གློག་དྲ་སྦྲེལ་མཐུད་ཀྱི་ལས་གྲྭ་ལས་འགོ་ཚུགས་པའི་མཛད་སྒོའི་པར་རིས
  • དོ་སྣང་ཆེ་བའི་རྩོམ།