འཕྲིན་ལས་ཉི་མ 2010-08-26
གཞན་ཡང་རྡརྨ་ཞེས་དོན་བཅུ་ལའང་འཇུག་པ་ནི། ཆོས་པའི་ཆོས་ལས་སོགས་ལུགས་སྲོལ་དང་། ཆོས་འདུལ་བཞེས་གསུང་རབས་དང་། ལུས་འདི་ནི་རྒ་བའི་ཆོས་ཤེས་ལུགས་དང། གསུང་རབ་དང་། ཤེས་བྱ་སོགས་ལ་འཇུག་པས། དེ་བཞིན་བོན་ཞེས་པའི་ཚིག་འདིའིང་ཁམས་ཆེན་ནས་འདུས་མ་བྱས་ཀྱི་བོན་ཐམས་ཅད། ཅེས་པ་ལྟ་བུ་ཤེས་བྱ་དང་འགོག་བདེན་སྟོང་ཉིད་བཅོ་བརྒྱད་སོགས་སྤྱིན་པ་ནས་བླ་མེད་པར་མྱང་འདས་ཀྱི་བོན་དང་། གཟུགས་ནས་རྒ་ཤི་བར་གྱི་བོན་ཐམས་ཅད་འཁོར་བའི་བོན་ཞེས་ཤེས་བྱ་དང་འཁོར་འདས་ཀྱི་བོན་རྣམས་ལ་འཇུག་ཚུལ་འདྲ་མཚུངས་ཡང་ཡོད་པ་དང་། བོན་ཆོས་གཉིས་ཀྱི་ཚིག་དོན་མཐའ་གཅིག་ཏུ་གོ་དོན་མཚུངས་བྱས་ན་ཅུང་མི་འགྲིག་སྙམས་པ་དང་། ཆོས་ཀྱི་ཚིག་འགྲེལ་དེ་འགྲེལ་བ་བརྒྱབ་མཁན་ཇི་སྙེད་ཅིག་མཆིས། ཡང་སྙིང་ཆོས་ཞེས་པའི་ཚིག་འདི་བཅོས་པའི་འཆོས་པ་ཞིག་ལགོ་གི་ཡོད་པ་དང་། བོན་ཞེས་པའི་ཚིག་དོན་དུ་སྟོན་པ་དང་སྤྲད་པའི་གྱེར་བ་དབྱངས་སོགས་ལ་འཇུག་སྟེ། འཆད་འགྱུར་སྐབས་སྐབས་སུ་གསལ། ལྷག་པར་སྔ་རབས་བོན་གྱི་དཔེ་དག་རྣམས་སུ་ས་བོན་ལས་ས་ས་ཆོས་ཞེས་བཤད་མེད་པ་ནི་དཔེར་ན། འཇམ་མགོན་ཙོང་ཁ་པའི་ཀུན་གཞིའི་རྩ་བ་སོགས་སུ། སྔ་ཉིད་དང་ལྡན་ས་བོན་གྱི། དབང་གི་གནས་དོན་ལུས་སུ་ནི། ཞེས་གསུངས། དེ་ཡང་ཕྱིས་སུ་ཚིག་རྐང་གཉིས་པ་བོན་ཞེས་པ་དོར་ནས་བསྡུས་ཚིག་བྱས་ཏེ་སོན་ཞེས་འབྲི་སྲོལ་གཞན་ཞིག་བྱུང་འདུག རྒྱུ་མཚན་ནི་བར་སྐབས་བོན་ཆོས་གཉིས་དབར་འཐབ་རྩོད་གྲངས་མང་བྱུང་རྗེས་། བོན་ཞེས་ཚིག་ངན་ཞིག་ལ་བརྩིས་ནས་དེ་འདྲའི་འབྲི་སྲོལ་བྱུང་བའང་ཡིན་སྲིད། དེ་བཞིན་བོན་ཡུལ་ཞེས་པར་བོད་ཡུལ་ཞེས་ཡུལ་ཞེས་འབོད་པའང་རྒྱུ་མཚན་འདི་འདྲ་བ་ལ་བརྟེན་ནས་བྱུང་བ་རེད་སྙམ། ཡ་མཚན་ཞིག་ལ་བོན་དཔེ་དག་རྣམས་སུ་ས་བོན་ལས་ཆོས་མི་འབྲི་བའི་རྒྱུ་མཚན་ཅི་ཞིག་ཡིན་འདིར་དེའང་བསམ་གཞིག་བྱེད་དགོས་ངེས་དང་། བོན་གྱི་གསང་སྔགས་ཀྱི་དཔེ་རྣམས་སུ་ལྷ་གང་གི་ས་བོན་མི་འདྲ་བ་རེ་འབྲི་སྲོལ་ཡོད་པ་དཔེར་ན། ཞི་བ་ལྟ་བུ་ལ་དཀྱིལ་འཁོར་གྱི་དབུས་སུ་ཨ་ཡིག་དང་། གེ་ཁོད་ལྟ་བུ་ལ་ཨེ་ཡིག་འབྲི་དགོས་པ་ལྟར་ལྷ་སོ་སོ་ལ་ས་བོན་རེ་ཡོད་པ་བཞིན། ཚེ་འདས་འདྲེན་ཆོག་གི་སྐབས་སུའང་རིགས་དྲུག་གི་ས་བོན་མི་འདྲ་བ་དམྱལ་བ་ལ་དུ་དང་དེ་བཞིན་ཡི་དྭགས་ལ་ཏྲི་བྱོལ་སོང་ལ་པྲི་། མི་ལ་རྣྲའི་། ལྷ་མིན་ལ་ཐ། ལྷ་ལ་ཨ་སོགས་རིགས་དྲུག་རང་རང་གི་ས་བོན་སོ་སོ་ནས་འཇོག་རྒྱུ་ཡོད་པར་བརྟེན། ས་བོན་ཞེས་པའི་ཚིག་འདི་བོན་གྱི་དཔེ་དག་རྣམས་སུ་ཆེས་མངོན་པར་གསལ་པའི་ཚིག་ཞིག་ཏུའང་གྱུར། ས་བོན་དེ་དག་ནི་འགྲོ་བ་དེ་དག་ལ་སོ་སོ་ནས་ཡོད་ཀྱང་སྔགས་ཀྱི་ལྟ་སྤྱོད་སོགས་ལ་གོམས་འདྲིས་མེད་པའི་པའི་འགྲོ་བ་ཐ་དག་གི་མཐོང་ཡུལ་དུ་མི་འགྱུར། འོན་ཀྱང་དེ་དག་མཐོང་བ་ལ་སྔགས་ཀྱི་བསྐྱེད་རིམ་གྱི་སྒོམ་པ་ལ་མཐར་ཕྱིན་པ་ཞིག་དགོས་ངེས། ས་བོན་གྱི་ཡི་གེ་འབྲུ་དེ་རྣམས་ཀྱི་དབང་གིས་འགྲོ་བ་རྣམས་རིགས་དྲུག་གི་གནས་སུ་སྐྱེ་བར་བྱེད་པ་ནི། བྱང་ཆོག་ལས། རྒྱུད་དྲུག་སྙིང་པོ་ས་བོན་དྲུག གནས་དྲུག་འཁོར་བར་འཁྲིད་པའི་རྒྱུ། ཞེས་གསུངས། དེར་བརྟེན་བྱང་ཞུའི་སྐབས་སུ་བླ་མས་ཚེ་འདས་ཀྱི་གཟུགས་རིས་ལ་བཀོད་པའི་རིགས་ལ་བཀོད་པའི་རིགས་དྲུག་གི་ས་བོན་རྣམས་ཀྱིས་འབྲུ་གཞོམས་ཀྱིས་དམིགས་པ་དང་ཚིག་བཤད་སོགས་ཀྱང་གནངས་སྲོལ་མཉམ་པ་ད་ལྟའང་ཡོད་མུས་རེད། སྙིང་པོ་དེ་དག་ལ་ས་བོན་ཞེས་བརྗོད་དོན་ཀྱང་ཇི་ལྟར། ས་བོན་ནས་ཀྱིས་ཆུ་ལུད་དྲོད་གཤེར་ཚང་བའི་ཞིང་སར་འབྲས་བུ་ནས་མྱུག་ལྗང་བུ་བསྐྱེད་པ་བཞིན། བདག་འཛིན་མ་བཅོམ་པའི་གང་ཟག་གི་རྒྱུད་ལ་ཡོད་པའི་ས་བོན་གྱི་རང་འབྲས་རིགས་དྲུག་སོ་སོར་བསྐྱེད་པར་བྱེད་པས་ན་ས་བོན་ནོ། །འདི་འདྲའི་ཚུལ་ལ་ལེགས་པར་བློ་སྒོ་ཕྱེ་ནས་བོན་གཞུང་རྣམས་ལ་གཟིགས་པ་ཅུང་ཙམ་གནང་ན་བོན་པོས་འཕོ་བ་རྒྱག་པའི་ཚེ་གཤིན་པོའི་རྣམ་ཤེས་རྐུབ་ནས་མར་སྤར་ཀྱི་ཡོད་མེད་ཀྱི་སྒྲོ་འདོགས་དེ་དག་ཆོད་ངེས་རེད། སྤྱིར་བཏང་མི་ཚོས་ནམ་རྒྱུན་བཤད་སྲོལ་ཅིག་ལ། ཆོས་དང་བོན་གཉིས་ནང་དོནདང་ཚིག་དོན་གཉིས་ཀ་གཅིག་གྱུར་ལྟ་བུ་ཞིག་ལ་ངོས་འཛིན་པའི་ཆ་འཇོག་བྱེད་ཀྱི་ཡོད་རུང། དངོས་དོན་དུ་ཚིག་འབྲུ་དེ་གཉིས་ནན་ཞིབ་ཅུང་ཙམ་བྱས་ན་དེ་འདྲ་ཡིན་མི་སྲིད། འོན་ཀྱང་སྐབས་འགར་ཐུབ་བསྟན་པས། ཆོས་སྲིད་གཉིས་དང་། གཤེན་བསྟན་པས་བོན་སྲིད་གཉིས་ལྟ་བུ་འདྲ་མཚུངས་ཞིག་ལ་བརྗོད་ཀྱི་ཡོད་ཀྱང་དེ་ནི་དུས་ཕྱིས་ཀྱི་བཤད་ཚུལ་ཞིག་རེད་སྙམས། བོན་གྱི་སྒྲ་བཤད་ལ་གཞུང་རྣམས་ནས་མི་གཡོ་བའི་དོན་དུ་བཞག་མོད། དོན་དུ་བོན་ཟེར་བ་ལན་དང་བརྡ་སྤྲོད་པ་དང་སྟོན་པ་དང་གྱེར་དབྱངས་སྐབས་ཀྱི་གྱེར་སོགས་ལ་འཇུག དེ་ནི་བརྡ་གསར་བཅད་ཀྱི་རྗེས་སུ་བྱུང་བའི་ཕྱིས་འབྱུང་གི་ཚིག་གསར་པ་ཞིག་མིན་པ་གནའ་རབས་བོད་ཀྱི་བརྡ་རྙིང་ཞིག་ཏུ་སྒྲུབ་ཐུབ། བརྡ་རྙིང་ལ་ལན་བོན་ཞེས། ལན་སྤྲད་པའི་རྒྱག་པ་ལ་འཇུག་པ་ནི། དགྲ་ལ་འཁོར་ལན་བླན་པ་དང་བཟང་ལ་ངན་ལེན་བླན་པ་ཅེས་པ་ལྟ་བུ་དང། དེ་ཡང་བླན་ཞེས་པ་སྤྲད་པ་སོགས་ལའཇུག་སྟེ། མེད་ལས། མི་ཤ་གཤེན་ལ་བླན་པ་རིགས་སམ། ཅེས་པས་སོ། །བརྡ་སྟོན་པ་ལ་འཇུག་སྟེ། གཏེར་དུ་མ་སོང་བའི་གསེར་ཞུན་དང་འདྲ་བའི་ལུང་འདུལ་བ་རྒྱུད་དྲུག་གི་པོད་༼ཁ་པ་༽ཉིས་བརྒྱ་ལྔ་བཅུ་ཕོ་ལ་བོན་སྟོན། ཞེས་དང་། འདུལ་བྱ་དུས་ཆེན་དུས་བཙན་སྡོམ་བྱེད་རྒྱུ་ལས་ཀྱང་། འདུལ་བ་དགེ་འབྱུང་འཇུག་དོན་ལྔ་རུ་བོན་སྟོན། ལས་སོགས་རྒྱ་ཆེར་ཡོད་པས་སོ། །གྱེར་བ་ལའང་འཇུག་སྟེ། བརྡ་རྙིང་དུ་སྔགས་སོགས་བཟླ་བའི་འདོན་པ་ལ་བོན་པ་ཞེས་བཤད་སྲོལ་རྙིང་པ་ཡོད་པ་མ་ཟད། ཞང་སྐད་དུའང་བོན་ལ་གྱེར་ཅེས་འབོད་པ་ནི། གྱེར་རྩེ་དང་དུན་རྩེ་ཞེས་བོན་དགྲ་དང་བན་དགྲར་འཇུག་པ་དང་། གཞན་ཡང་གྱེར་སྤུངས་བོན་གྱི་བསྟན་པ་ལ་སོགས་ཀྱི་ཐ་སྙད་ཇི་སྙེད་ཞིག་མཆིས། གྱེར་ཞེས་པའི་ཚིག་དེའང་བོད་སྐད་དང་ཞང་སྐད་གང་ཡིན་དཔྱད་གཞི་ཞིག་ཡོད་པར་སེམས། དེ་ལྟར་བོན་གྱི་སྒྲ་དེ་ཡང་བརྡ་དང་དོན་སྤྲད་པ་སོགས་ལ་འཇུག་པའི་རྒྱུ་མཚན་ཅི་ཡོད་སྙམས་ན། བདག་ཅག་གི་སྟོན་པ་གཤེན་རབ་མཆོག་གི་གསུང་གི་སྒྲས་འགྲོ་བ་རིག་དྲུག་གམ་གདུལ་བྱ་སོ་སོའི་བློ་དང་། ཡང་ན་རང་རང་གི་སྒྲ་སྐད་དང་མཐུན་པར་དོན་སྟོན་ནུས་པའི་དེ་དག་ལ་དོན་ཕྱིན་ཅི་མ་ལོག་པར་ཐོས་པ་དང་གོ་བར་བྱེད་པས་ན། དེ་ལྟར་བཏགས་པ་ཡིན་སྲིད། གོང་དུ་དྲངས་པའི་ལུང་དེ་དག་ལས། སྒྲ་སྐད་མི་མཐུན་བོན་སྒྲས་བསྒྱུར། ཞེས་དང། རང་རང་སྒྲ་སྐད་དག་ཏུ་བོན། ཞེས་ལུང་རིག་བསྟན་པ་ལྟ་བུའོ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10