རི་དྭགས་ཆོས་འཁོར་གྱིས་མཚོན་དོན།

བྲག་འགོ།(གྲགས་པ།)        2011-11-01

ང་ཚོ་བོད་རིགས་རྣམས་མཆོད་མཇལ་དུ་འགྲོ་སྐབས།ཐོག་མར་དགོན་པའི་ཚོགས་ཆེན་གྱི་ཡང་སྟེང་དུ་རི་དྭགས་ཕོ་མོ་གཉིས་ཀྱིས་རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོ་གཅིག་ལ་རྩེ་གཅིག་ཏུ་བལྟས་ནས་སྡོད་པའི་གཟུགས་བརྙན་ཡིད་དུ་འོང་བ་ཞིག་མཐོང་རྒྱུ་ཡོད་པ་དེས་ཡང་སྙིང་ཅི་ཞིག་མཚོན་པ་ཡིན་ནམ་ཞེ་ན།རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོ་ནི་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བ་མཚོན།དེའི་གཡས་གཡོན་རི་དྭགས་ཕོ་མོ་གཉིས་ནི་བསེ་རུ་ཡིན་ཏེ།བྱང་ཆུབ་སེམས་དཔའི་སེམས་རྒྱུ་བཞིའི་གྲས་བསེ་རུའི་སེམས་བསྐྱེད་ཀྱིས་ཆོས་རྩེ་གཅིག་ཏུ་ཉན་པ་མཚོན་པ་ཡིན།དབུས་ཀྱི་རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོའི་ལྟེ་བས་བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་མཚོན་པ་དང་།བར་གྱི་རྩིབས་མ་བརྒྱད་པོས་ཤེས་རབ་ཀྱི་བསླབ་པ་དང་འཕགས་ལམ་ཡན་ལག་བརྒྱད་མཚོན།མཐའི་མུ་ཁྱུད་ཀྱིས་ཏིང་ངེ་འཛིན་གྱི་བསླབ་པ་མཚོན་པ་ཡིན།སངས་རྒྱས་ཀྱི་བཀའ་ཡོད་དོ་ཅོག་བསླབ་པ་གསུམ་དང་འཕགས་ལམ་ཡན་ལག་བརྒྱད་དུ་མ་འདུས་པ་མེད། རི་དྭགས་ཕོ་མོ་གཉིས་ཀྱིས་ཐབས་དང་ཤེས་རབ་མཚོན་ཏེ་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་མཚོན་བྱེད་ཡིན།དེ་བཞིན་རྒྱལ་ཁབ་སོ་སོར་ཆོས་ཕྱོགས་སྐོར་ནས་རྟགས་མ་རེ་ཡོད་པ་བཞིན་རི་དྭགས་ཆོས་འཁོར་ནི་ནང་པ་སངས་རྒྱས་པའི་རྟགས་མ་ལྟ་བུ་ཡིན།
  • ལེ་ཚན་སྔོན་མ།:ཆོས་འཁོར་དང་རི་དྭགས་ཕོ་མོའི་མཚོན་དོན།
  • ལེ་ཚན་རྗེས་མ།:སྟོན་པ་གཤེན་རབ་བོད་ཡུལ་དུ་བྱོན་ཚུལ།
  • དོ་སྣང་ཆེ་བའི་རྩོམ།