སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་རིས་མེད་ཀྱི་སྲོལ་རྒྱུན་བཟང་པོས་ཤུགས་རྐྱེན་བཞག་ནས་རྗེས་རབས་པ་གསོ་སྐྱོང་བྱས།

        2011-10-14

    
     སློབ་གྲྭའི་དགེ་རྒན་དུ་གདན་ཞུ་བྱས་པའི་མཁས་དབང་ཆེན་པོ་སྔ་འགྱུར་རྙིང་མ་པའི་དང་།དཔལ་ལྡན་ས་སྐྱ་བ།བཀའ་བརྒྱུད་པ།དགེ་ལུགས་པ་སོགས་མདོར་ན་སློབ་གྲྭ་འདིར་ས་དགེ་བཀའ་རྙིང་གི་དགོན་པ་ནས་འོངས་པའི་མཁས་པ་ག་འདྲ་ཞིག་འཛོམས་རུང་།ཁོང་རྣམ་པས་ཕན་ཚུན་གུས་ཞབས་དང་།ཕན་ཚུན་དང་ལེན་བྱེད་པ་སོགས་རོགས་ཕན་གང་ཟབ་གནང་བ་ལས།ང་ཆེ་ང་མཁས་ཀྱི་རློམ་སེམས་མི་མངའ་བ།ཁེངས་སྐྱུང་དང་།ཡ་རབས་ཚུལ་ལྡན་གྱིས་གངས་ཅན་པའི་ཤེས་རིག་གི་སྦྲང་ཆར་ཅི་ཡང་འཇོ་བར་བྱས་པས་བླ་མེད་ཀྱི་གྲུབ་འབྲས་ཐོབ་ཡོད་པ་རེད།དགེ་རྒན་རྣམ་པས་རིས་མེད་ཀྱི་སྲོལ་རྒྱུན་བཟང་པོས་ཤུགས་རྐྱེན་བཞག་ནས་རྗེས་རབས་པ་གསོ་སྐྱོང་བྱས་མཐར།ས་ཆ་མི་འདྲ་བ་དང་།ཞིང་འབྲོག་མི་འདྲ་བའི་ས་ནས་སློབ་གྲྭ་འདིར་རྒྱུགས་འཕྲོད་པའི་སློབ་མ་དག་གི་རྒྱུད་ན་ཡང་རིས་སུ་ཆད་པའི་བསམ་བློ་མི་མངའ་ཞིང་།མཛའ་མཐུན་དང་།ཞི་བདེ།མཐུན་སྒྲིལ་དང་།བརྩེ་སེམས་ཀྱིས་གཏམས་ནས་ང་ཁྱེད་ཀྱི་རྩོད་པ་མེད་ཅིང་།རིག་པའི་གནས་ལ་འབད་བརྩོན་ལྷོད་མེད་བྱས་པས་གངས་ཅན་པའི་རྒྱན་དུ་གྱུར།དེ་ཡང་ཇི་སྐད་དུ།མཁས་པ་སློབ་པའི་དུས་ན་སྡུག།བདེ་བ་སྡོད་ལ་མཁས་མི་སྲིད།།བདེ་བ་ཆུང་ལ་ཆགས་པ་དེས།།ཆེན་པོའི་བདེ་བ་ཐོབ་མི་སྲིད་ཅེས་གསུངས་པ་ལྟར་སློབ་གྲྭ་ཐོག་མར་འཛུགས་སྐབས་སློབ་མས་སློབ་སྦྱོང་བྱེད་དུས།འཚོ་བའི་ཐད་ལ་དཀའ་ངལ་ཡོད་པས་མ་ཚད།དཔེ་ཆ་བལྟ་བར་གློག་སྒྲོན་ཕར་ཞོག་ས་སྣུམ་གྱི་སྒྲོན་མེ་ཡང་དཀོན་ཙམ་ཡིན་པ་རེད།དེ་འདྲ་བའི་ཁོར་ཡུག་ཏུ་སློབ་མ་དེ་དག་གིས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་ནི་ཉིན་པར་མི་ཁོམ་ཞིང་མཚན་མོ་མི་མལ་ནས་གཡག་ལྟོགས་ཀྱིས་རྩྭ་ཟོས་པ་དང་འདྲ་ལ།སྐོམ་པས་ཆུ་ལ་དོན་གཉེར་བྱེད་པ་དང་ཡང་འདྲ།དགེ་རྒན་མཁས་བཙུན་བཟང་གསུམ་འཛོམས་པ་དེ་དག་གིས་དཔེ་ཁྲིད་ཀྱི་དབྱར་རྔ་ལྡིར་བ་ལ་ལོངས་སུ་སྤྱོད་པའི་རྣམ་པ་དེ་ནི་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་ལོངས་སྤྱོད་རྫོགས་སྐུའི་ངེས་པ་ལྔ་ལྡན་ལྟ་བུར་ཆགས་ཡོད།ཐེངས་དང་པོའི་གྱ་གཉིས་འཛིན་གྲྭའི་སློབ་མ་མི་གྲངས་བདུན་ཅུ་སློབ་མཐར་ཕྱིན་ནས་གོ་ལ་འཛིན་མའི་ཁྱོན་ལ་སྒྲ་རིག་གི་རྔ་གསང་ལྡིར།གསོ་རིག་གི་ཆུ་འཛིན་འཁྲིགས།བཟོ་རིག་གི་མཇའ་མཚོན་ཤར།ནང་ཚད་ཀྱི་སྦྲང་ཆར་འཇོ།སྐར་རྩིས་ཀྱི་མེ་ཏོག་བཞད་པས་གངས་ལྗོངས་ཤེས་རིག་གི་དབྱར་གྱི་ཞིང་ཁམས་བསྐྲུན་པས་གྲགས་སྙན་སྲིད་པ་གསུམ་ན་ཁྱབ་ནས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་མཁས་དབང་ཚོའི་དོ་སྣང་བྱ་ཡུལ་དུ་གྱུར།དེ་སང་བོད་ཀྱི་བཅུ་ཕྲག་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ།རྒྱུན་འཛིན་གྱི་ཁྲོད་དུ་གསར་སྐྲུན་དང་ཞིབ་འཇུག་གི་དུ་རྒྱུན་འཛིན་བྱས་པར་རྒྱུན་སྐྱོང་བྱེད་མཁན་གྱི་རྗེས་རབས་པ་ནི་ཡར་ངོའི་ཟླ་བ་བཞིན་དུ་གོང་ནས་གོང་དུ་འཕེལ་དང་འཕེལ་བཞིན་ཡོད་པ་རེད།
 
  • ལེ་ཚན་སྔོན་མ།:ས་འགུལ་རྗེས་སུ་བསྐྱར་སྐྲུན་བྱས་པའི་ཁྱིམ་གཞིས་གསར་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་བསྒྲིགས་པའི་པར་རིས།
  • དོ་སྣང་ཆེ་བའི་རྩོམ།