ལྷ་བཟོ་དིལ་ཆུང་བུ་རྒན།

ཀུན་ཁྱབ།        2021-03-04

     

ལྷ་བཟོ་དིལ་ཆུང་བུ་རྒན།

   བུ་རྒན་ནི༡༩༦༤ལོར་ཨ་ལོ་ཁབ་སྟེང་དུ་སྐུ་འཁྲུངས། ཆུང་དུས་ནས་ཁུ་བོ་དིས་ཆུང་བློ་ཆོས་མདུན་དུ་འབྲི་ཀློག་གི་རྨང་གཞི་དང་སྡེ་བྲིས་སོགས་བསླབས།ལྷག་པར་དུ་སྤྲུལ་པའི་ལྷ་བཟོ་ཐང་བླ་ཚེ་དབང་གི་མདུན་དུ་ཀརྨའི་སྒར་ལུགས་ཀྱི་ལྷ་སྐུ་འབྲི་བཞེངས་དང་ཐིག་ཚད་སོགས་ཆ་ཚང་བསླབས་པས་སློབ་མའི་གཙོ་བོར་གྱུར། དེ་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་ཤིང་༡༩༨༦ལོར་སློབ་མཐར་ཕྱིན་སྐབས། སྦྱངས་འབྲས་ཕུལ་དུ་བྱུང་བར་བརྟེན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ལས་བགོས་གནང་སྟེ་བཟོ་རིག་དགེ་རྒན་གྱི་ཕྱག་ལས་མཛད། གཞན་ཡང་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་སུ་ཟབ་སྦྱོང་བྱས།  དེང་འདིར་སྐུ་ཉིད་ཀྱིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བཟོ་རིག་མཐོ་རིམ་སློབ་དཔོན་དང་། རྒྱལ་ཡོངས་ཀྱི་མི་རིགས་ལག་རྩལ་སྒྱུ་རྩལ་ལས་རིགས་སློབ་གསོ་སློབ་ཁྲིད་སྐོར་གྱི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།  སི་ཁྲོན་ཞིང་ཆེན་མཛེས་རྩལ་ལྷན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་དངོས་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རྒྱུན་འཛིན་པ།

      དཀར་མཛེས་ཁུལ་གྱི་གེ་སར་ཐང་ག་སྟོང་བྲིས་ཀྱི་སྤྱི་གཉེར་ཁང་གི་ཆེད་མཁས་དཔྱད་བརྗོད་པ།  ཡུན་ནན་ཞིང་ཆེན་གྱི་ཤམ་བྷ་ལ་ཐང་ག་སྟོང་བྲིས་ཀྱི་སྤྱི་གཉེར་ཁང་གི་ཆེད་མཁས་དཔྱད་བརྗོད་པ།  དཀར་མཛེས་ཁུལ་བོད་ཀྱི་རི་མོའི་གླིང་གི་རི་མོ་བ་ཆེན་མོ།  ཐང་བླ་ཚེ་དབང་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་སོགས་ཀྱི་འགན་བཞེས་ཡོད།

      ཁོང་གི་བརྩམས་ཆོས་རྣམས་ཐེངས་མང་པོར་རྒྱལ་ཁབ་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སུ་བཤམ་སྟོན་བྱས་པ་དང་།ཨོ་རྩལ་འགྲན་ཚོགས་ཀྱི་ཐང་ག་བཤམ་སྟོན། ཞིང་ཆེན་དང་ཁུལ་རིམ་པའི་བྱ་འགུལ་ཁག་གི་རི་མོ་བཤམ་སྟོན་སོགས་སུ་ཞུགས་པས་བྱ་དགའ་རབ་དང་རིམ་པ་ཐོབ་ཡོད་དེ།དཔེར་ན།༢༠༡༣ལོར་སྒྲོལ་མ་ཉེར་གཅིག་གི་ཐང་ག་ལ་ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གཉིས་ཀྱིས་རྩ་འཛུགས་བྱས་པའི་ཐེངས་དང་པོའི་བི་ཤྭ་ཀརྨའི་བུམ་པ་རྟགས་ཅན་གྱི་བོད་ཀྱི་ཕུལ་བྱུང་རི་མོའི་བཤམ་སྟོན་ལས་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་།  ༢༠༡༤ལོར་ཐང་གའི་བརྩམས་ཆོས་མི་ལ་རས་པ་དང་། ཛམྦྷ་ལ་སེར་པོ། སྒྲོལ་མ་དཀར་མོ་སོགས་ཀྲུང་གོའི་ཡིག་གཟུགས་དང་རི་མོའི་ཞིབ་འཇུག་གླིང་གིས་རྩ་འཛུགས་བྱས་པའི་འཛམ་གླིང་དུ་བསྐྱོད་པ། ཀྲུང་གོའི་ཕུགས་འདུན། ཀྲུང་གོའི་ཞིང་པའི་རི་མོ་ཉིང་བཅུད་བརྩམས་ཆོས།  རྒྱལ་སྤྱི་མཉམ་འབྲེལ་ཚོགས་པའི་སྤྱི་ཚོགས་ཀྱི་བཤམ་སྟོན་ཆེན་མོ་རུ་ཞུགས་ཏེ། སྒྲོལ་མ་དཀར་མོ་དང་ལྷ་ཚོགས་ཞེས་པར་ཁྱབ་ཁོངས་སུ་ཚུད་པའི་བྱ་དགའ་ཐོབ། ༢༠༡༤ལོར་སྒྲོལ་མ་ཉེར་གཅིག་གི་ཐང་ག་དེར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གནང་བའི་དཀར་མཛེས་ཁུལ་ཐེངས་དང་པོའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ལས་རི་མོའི་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། ༢༠༡༨ལོར་སྒྲོལ་དཀར་ཞལ་ཐང་ལ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཉེར་བའི་དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་མཛེས་རྩལ་གྱི་བརྩམས་ཆོས་བྱ་དགའ་ཐོབ།  ༢༠༡༨ལོར་རིག་གསུམ་མགོན་པོ་དང་སྒྲོལ་དཀར་ཞལ་ཐང་ལ་སྐབས་དང་པོའི་སི་ཁྲོན་མཛེས་རྩལ་ཞལ་ཐང་སྤུས་བཟང་འགྲེམ་སྟོན་ཁྲོད་དུ་གཟེངས་རྟགས་ཐོབ།  ༢༠༡༧ལོར་ཁོང་ལ་སྡེ་དགེ་རྫོང་གིས་སྐབས་དང་པོའི་གནས་མཆོག་མཛངས་མིའི་གཟེངས་རྟགས་ཕུལ།  དེ་བཞིན་ཕུལ་དུ་བྱུང་བའི་སློབ་མ་རྔ་པའི་ཚུལ་ཁྲིམས་རབ་བརྟན། དར་མདོའི་འཇམ་དབྱངས་ཉི་མ།  སྡེ་དགེའི་ཀརྨ་བསོད་ནམས། མི་ཉག་རིག་འཛིན་དབང་རྒྱལ།  ཁྲེན་ཏུའུ་ཡི་ལིའི་ཀྲང་ཅིང་སོགས་ཁོང་གིས་གསོ་སྐྱོང་བྱས་པའི་སློབ་མ་མང་པོ་རྒྱལ་ཡོངས་ཀུན་ཏུ་ཁྱབ་ཡོད་ཅིང་།  ད་ལྟ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ནང་དུ་བཟོ་རིག་དགེ་རྒན་གྱི་ཕྱག་ལས་གནང་མུས་སུ་ཡོད་དོ།།

  • ལེ་ཚན་སྔོན་མ།:ལྷ་བཟོ་དཀོན་མཆོག་བཀྲ་ཤིས།
  • ལེ་ཚན་རྗེས་མ།:བོད་ཀྱི་གདངས་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་རྡོ་རྗེ།