ལྷ་བཟོ་བཀྲ་ཤིས་ཚེ་དབང་།

བཀྲ་ཤིས་དཔལ་འབྱོར།        2021-03-04

      བཀྲ་ཤིས་ཚེ་དབང་།  ཕོ།   སྐྱེས་ལོ།   ༡༩༩༡  སྐྱེ་ཡུལ། དཀར་མཛེས་ཁུལ་སྡེ་དགེ་རྫོང་ལྕང་ར་ཤང་དགོན་འདབས་གྲོང་ཚོ།ཁོང་ཆུང་དུས་ནས་རི་མོའི་སྒྱུ་རྩལ་སོགས་ལ་དམིགས་ཡུལ་དང་དགའ་ཕྱོགས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཚད།  རྗེས་སུ་རང་གི་འདོད་མོས་ལྟར་སྤྱི་ལོ་༢༠༠༣ནས་༥ བར་ ལྷ་བྲིས་པ་དགེན་བུ་འདིས་ལ་བརྟེན་ནས་ལྷ་གཟུགས་རི་མོ་སོགས་ཆེད་སྦྱོང་བྱས། དེ་རྗེས་སྤྱི་ལོ་༢༠༠༦ནས་༢༠༡༥བར་ཐང་བླ་ཚེ་དབང་གིས་དངོས་སློབ་དེང་སང་མཚན་སྙན་ཡུལ་གྲུལ་ཀུན་ལ་ཁྱབ་པའི་ཕུལ་བྱུང་གི་དགེ་རྒན་ལྷ་པ་བཀྲ་ཤིས་རྡོ་རྗེའི་མདུན་ནས་ཀརྨ་སྒར་བྲིས་ལུགས་ཀྱི་རི་མོ་སྒྱུ་རྩལ་དང་། ཚོན་མདངས། ཞི་ལས་སོགས་སྦྱོང་བརྩོན་ལ་བརྟེན་ནས་སློབ་འབྲས་བཟང་པོ་ཐོབ་པ་དང་མཉམ་དཔལ་ཡུལ་དགོན་དང་དཔེ་ཝར་དགོན་སོགས་ཀྱི་གྱང་ལྷ་མང་པོ་ལག་བྲིས་བྱས་ནས་གཞན་གྱིས་ཁ་དཔེ་ཐོབ་པ་དང་། དེ་མཚམས་ལྷ་པ་བཀྲ་ཤིས་རྡོ་རྗེ་ནས་དཔལ་སྤུངས་དགོན་དུ་ངྷ་རྨ་ཀ་རའི་སློབ་གྲྭ་གསར་བཞེངས་བྱུང་རྗེས་སློབ་གྲྭ་དེའི་ནང་དུ་ཞུགས་སྟེ་གཞན་ལ་སློབ་ཁྲིད་དང་།  རང་གིས་སློབ་སྦྱོང་མཐར་ཕྱིན་པ་མཛད་ནས་ཕུལ་བྱུང་གི་ལྷ་པ་ཞིག་ཆགས་སོང་། དེ་དང་བསྟུན་དཔལ་སྤུངས་དགོན་གྱིས་མཁས་པའི་མཚན་སྙན་གསོལ་ཞིང་དགེ་རྒན་གྱི་མིང་ཐོ་ལག་ཁྱེར་གནང་ཡོད།  གཞན་ཡང་རི་མོ་མཁས་ཆེན་པ་རྡོ་བྲག་ཀུན་མཆོག་བཀྲ་ཤིས་དང་ཁོང་སར་འཆི་མེད་སོགས་ལ་བརྟེན་ཡོད།  དེ་ནས་ལོ་ཤས་སོང་རྗེས།   ༢༠༡༥ལོར་སྦྱང་འབྲས་ལེགས་པར་ཐོབ་ནས་ལྷག་བསམ་གྱི་འཛུམ་མདངས་ངང་རང་ཡུལ་དུ་ཕྱི་ལོག་ནས།  རང་གི་ཕ་ཡུལ་ལ་རི་མོའི་སྒྱུ་རྩལ་སོགས་ལ་ཞན་ཆ་ཧ་ཅང་ཆེ་བས་དེ་དག་ལ་མ་བཟོད་ནས་ཀརྨ་སྒར་བྲིས་ལུགས་ཀྱི་རི་མོ་སྒྱུ་རྩལ་སོགས་མ་ཉམས་གང་འཕེལ་དང་།  ཉམས་པ་སླར་གསོ་ཡོང་ཆེད།  སློབ་མ་ཁ་ཤས་རང་ཁྱིམ་དུ་འཚོ་སྐྱོང་བྱས་སྟེ། ད་ལྟ་རང་ཚུགས་ཐུབ་པ་བྱུང་ཡོད། དེ་རྗེས་༢༠༢༠ལོར་དངུལ་ཆུ་ཁྲོ་རྫོང་སྒར་བྲིས་ཐང་ཀའི་ཀུན་ཕན་སློབ་གྲྭ་གསར་བཞེངས་གནང་ནས་མ་འོངས་ཕུགས་བསམ་གྱི་ལག་རྗེས་བཟང་པོ་རང་ཡུལ་ལ་ཕུལ་ཐུབ་པའི་སེམས་ཀྱི་རེ་བ་མདུན་ནས་བརྐྱང་སྟེ་མི་རབས་གོང་མའི་ལག་རྗེས་བཟང་པོ་རྒྱུན་དུ་གསོ་བའི་སྨན་མཆོག་ཅིག་ཏུ་གྱུར་ཡོད།

  • ལེ་ཚན་སྔོན་མ།:ལྷ་བཟོ་ཨོ་རྒྱན་རྡོ་རྗེ།
  • ལེ་ཚན་རྗེས་མ།:ལྷ་བཟོ་ཀརྨ་བསོད་ནམས།