ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བརྒྱད་པ་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེ་གནང་།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2021-03-03

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བརྒྱད་པ་གཙོ་སྐྱོང་གནང་སྐབས།

དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས་པའི་ནན་གསུང་གནང་།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་26ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏང་རྒྱུའི་སྐོར་ལ་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བརྒྱད་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ནན་གསུང་གནང་དོན། སྤྱི་ཚོགས་འགན་སྲུང་ནི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་དྲང་གཞག་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ཀྱི་གཞི་རྩའི་ལམ་ལུགས་ཀྱི་འགན་སྲུང་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཡོང་བ་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག རྒྱལ་སྐྱོང་བདེ་འགོད་ཀྱི་གནད་དོན་ཆེན་པོ་ཞིག་བཅས་རེད། བགོ་བཤའ་ཡང་བསྐྱར་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། རོགས་རེས་མཉམ་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བ། མི་དེ་བས་མང་བ་སྤྱི་ཚོགས་འགན་སྲུང་མ་ལག་ནང་འཇུག་པ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་དེ་བས་བློས་འགེལ་ཆོག་པ་དང་དེ་བས་འཐུས་སྒོ་ཚང་བའི་འགན་སྲུང་བྱེད་པ། མི་དམངས་མང་ཚོགས་ཀྱི་རིམ་པ་མང་ལ་སྣ་མང་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས། དྲང་གཞག་གཅིག་གྱུར། རྒྱུན་མཐུད་ཆོག་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་སྔར་བས་ཚགས་དམ་དུ་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས།

ཀྲུང་གོ་སྤྱི་ཚོགས་འགན་བཅོལ་སློབ་ཚོགས་ཀྱི་ཚོགས་གཙོ་ཧུའུ་ཞའོ་དབྱི་ཡིས་གནད་དོན་དེར་འཆད་འགྲེལ་གནང་བར་མ་ཟད། ལས་དོན་གྱི་གྲོས་འགོ་ཡང་བཏོན་གནང་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཁོང་གི་འཆད་འགྲེལ་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།

ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་མཛུབ་སྟོན་གནང་དོན། རང་རེའི་ཏང་གིས་སྔར་ནས་བཟུང་དམངས་འཚོ་ལེགས་གཏོང་དང་སྤྱི་ཚོགས་འགན་སྲུང་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་རྩེ་རིམ་ཇུས་འགོད་བྱས་ནས་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་དེ་མགྱོགས་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་གཅིག་གྱུར་བཟོས་པ་དང་། ལས་ཁུངས་དང་བྱ་གཞག་ཚན་པ་དང་ཁེ་ལས་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་ཟླ་སྒྲིལ་བཏང་བ། ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་མ་དངུལ་ཀྲུང་དབྱང་གིས་སྙོམས་སྒྲིག་བྱེད་པའི་ལམ་ལུགས་བཙུགས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་བཙུགས་ཡོད། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞིར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་དམའ་རུ་བཏང་བ་དང་གཞུང་ཁོངས་མ་རྩ་ཁག་གཅིག་སྤོ་སྒྱུར་བྱས་ནས་སྤྱི་ཚོགས་འགན་བཅོལ་མ་དངུལ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། རྒན་གསོ་དང་། བུ་བཅོལ། དབང་པོ་སྐྱོན་ཅན་ལ་རོགས་རམ་སོགས་ཀྱི་ཕན་བདེའི་བྱ་གཞག་འཕེལ་རྒྱས་ཧུར་ཐག་བཏང་བ་ལས། གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། ཕོ་མོ། ལས་རིགས་བཅས་ཀྱི་དབྱེ་བ་མེད་པར་མི་དམངས་མང་ཚོགས་ལ་ན་རྒས་དང་། ནད་གཞི། ལས་ཤོར། ལས་རྨས། དབང་པོ་སྐྱོན་ཅན། དབུལ་ཕོངས་སོགས་ཀྱི་ཉེན་ཁ་འཕྲད་སྐབས་དེ་མཚུངས་ཀྱི་ལམ་ལུགས་ཀྱི་འགན་ལེན་བྱུང་ཡོད།

མིག་སྔར་རང་རྒྱལ་དུ་སྤྱི་ཚོགས་འགན་བཅོལ་གྱིས་གཙོ་བོར་བྱས་པ་དང་། སྤྱི་ཚོགས་རོགས་སྐྱོབ་དང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་གཟིགས་སྐྱོང་སོགས་ཀྱི་ལམ་ལུགས་ཚུད་པའི་བྱེད་ནུས་ཆ་ཚང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་གཞི་རྩའི་ཆ་ནས་ཆགས་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཚད་མི་དུང་ཕྱུར13.6ཟིན་པ། གཞི་རྩའི་རྒན་གསོ་འགན་བཅོལ་ཁྱབ་ཚད་མི་དུང་ཕྱུར10ཙམ་ཟིན་ཡོད། དེ་ནི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་རེད། དེས་མི་དམངས་ལ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱས་པ། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་མཐུན་རྐྱེན་བསྐྲུན་ཡོད། དེ་དང་དུས་མཚུངས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་གྲོང་ཁྱེར་གྲོང་རྡལ་ཅན་དང་། མི་འབོར་ན་རྒས་ཅན། ལས་ཞུགས་བྱེད་སྟངས་སྣ་མང་ཅན་བཅས་སུ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་ལ་སྔར་བཞིན་མི་འདང་བའི་ཆ་ཡོད་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པར་མ་ཟད། ད་དུང་ཐག་གཅོད་ཏན་ཏིག་ཀྱང་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ང་ཚོས་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། འཚོལ་ཞིབ་ཧུར་ཐག་བྱས་པ། བློ་ཁོག་ཆེན་པོས་གསར་གཏོད་བྱས་པར་མ་ཟད། ད་དུང་ཕྱི་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་གི་ཉམས་མྱོང་བཟང་པོ་སློབ་སྦྱོང་བྱ་རྒྱུ་དང་དཔྱད་གཞིར་འཛིན་རྒྱུར་སྣང་ཆེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་སྤྱི་ཚོགས་འགན་སྲུང་མ་ལག་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། སླད་ཕྱིན་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་བསྒྲུབས་ནས་སྤྱི་ཚོགས་འགན་སྲུང་བྱ་གཞག་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས་པ་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏང་རྒྱུ་དང་སྤྱི་ཚོགས་དྲང་གཞག་ལ་སྐུལ་འདེད་གཏང་རྒྱུ་དེ་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཐོབ་པ་བྱ་དགོས། ལམ་ལུགས་ལ་བརྟེན་ནས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྱོན་ཡོངས་ལ་ཁྱབ་པ་དང་། གཞི་རྩ་འགན་ལེན། རིམ་པ་མང་བ། རྒྱུན་མཐུད་ཆོག་པ་སོགས་ཀྱི་དམིགས་ཚད་ལ་དམིགས་ནས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་ཤུགས་བརྒྱག་དགོས། དུས་བསྟུན་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བསྒྱུར་བཅོས་ཀྱི་བྱེད་ཐབས་དང་གསར་གཏོད་ཀྱི་བསམ་གཞིག་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་བསལ་ནས་སྤྱི་ཚོགས་འགན་སྲུང་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བྱ་དགོས་ཤིང་། སྤྱི་ཚོགས་ཀྱི་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏང་རྒྱུ་དེ་དཔལ་འབྱོར་དང་ནོར་ཤུགས་རྒྱུན་མཐུད་ངང་འཕར་སྣོན་ཡོང་བའི་རྨང་གཞིའི་ཐོག་བྱེད་པ་ལས་དོན་དངོས་དང་བྲལ་མི་རུང་ལ་དུས་མཚམས་ལས་བརྒལ་མི་རུང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་དེ་དག་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་རྒྱུན་ཆད་མེད་པར་ཕྱོགས་སྡོམ་དང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་གནང་དོན། སྤྱི་ཚོགས་འགན་སྲུང་དེ་མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲད་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དང་འབྲེལ་བ་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་འཆར་གཞི་གསལ་པོར་བཀོད་པ་སྟེ། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་བཅས་ཀྱིས་བཏོན་པའི་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ཁྲོད། སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ལ་བསམ་གཞིག་བྱེད་དགོས་ལ་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་གཏོང་བར་ཇུས་འགོད་ཀྱང་བྱ་དགོས། འཐབ་ཇུས་ཀྱི་མིག་རྒྱང་རིང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་འཚོ་བ་སྐྱེལ་རྒྱུའི་མི་དམངས་ཀྱི་རེ་འདོད་དང་བསྟུན་པ་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་པའི་འཕེལ་རིམ་དང་འཚམ་པ་བྱས་ནས། བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་དུས་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོར་མཁན་ཡོད་པ་བཅས་ལ་འཕེལ་རྒྱས་གསར་པ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས། ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་སྟེ། འབྱུང་འགྱུར་རང་རྒྱལ་གྱི་མི་འབོར་ན་རྒས་ཅན་དུ་འགྱུར་རྒྱུ་དང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་མཐོ་རུ་འགྲོ་རྒྱུ། སློབ་གསོ་དང་ལེན་གྱི་ལོ་ཚད་རིང་དུ་འགྲོ་རྒྱུ། ངལ་ནུས་གྲུབ་ཆར་འགྱུར་ལྡོག་འགྲོ་རྒྱུ་སོགས་ཀྱི་འཕེལ་ཕྱོགས་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཏེ་ལས་དོན་གྱི་མ་འོངས་སྔོན་མཐོང་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏང་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་སྒྱུར་བཅོས་དེ་བརྒྱུད་རིམ་ལྡན་པའི་འདུས་གྲུབ་དང་མཐུན་སྦྱོར་ནུས་ཆེའི་དུས་མཚམས་སུ་སླེབས་ཡོད། སྤྱི་ཚོགས་འགན་སྲུང་གི་ཕྱོགས་གང་ས་ཅི་ཐད་དབར་དང་། སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས། འབྲེལ་ཡོད་ཁྱབ་ཁོངས་གཞན་དག་བཅས་དབར་གྱི་སྒྱུར་བཅོས་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། སྤྱི་འདོམས་ཇུས་འགོད་དང་མཐུན་སྦྱོར་སྐུལ་འདེད་ཀྱི་ནུས་པ་ཆེ་རུ་བཏང་ནས་བསྒྱུར་བཅོས་ཁག་མཉམ་ཤུགས་ཤིག་ཆགས་པ་བྱ་རྒྱུའི་འགན་ལེན་བྱ་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་སེར་ཚོས་སྤྱི་ཚོགས་འགན་སྲུང་ཐད་བསམ་འཆར་ཆེ་བ་དང་། སེམས་ཁྲལ་བྱེད་ས། སེམས་ནད་ཆེ་སའི་བྱ་བ་བཅས་ལ་དམ་པོར་དམིགས་ཏེ་རྒྱུན་ཆད་མེད་པར་བསྒྱུར་བཅོས་ལ་སྐུལ་འདེད་གཏང་དགོས། རིམ་པ་མང་བ་དང་ཀ་རྟེན་མང་བའི་འགན་གསོ་འགན་བཅོལ་མ་ལག་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐང་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ལ་ཞིང་ཆེན་རིམ་པས་སྤྱི་འདོམས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་དང་ས་གནས་ཀྱི་འགན་དབང་དང་གཏོང་སྒོའི་འགན་འཁྲི་སྔར་བ་ཁ་གསལ་བཟོ་དགོས། གྲོང་གསེབ་སྤྱི་ཚོགས་ཀྱི་རོགས་སྐྱོབ་ལས་དོན་དེ་ཤང་གྲོང་དར་རྒྱས་ཀྱི་འཐབ་ཇུས་ཇུས་འགོད་ནང་བཅུག་ནས་གྲོང་གསེབ་སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་རྒྱུན་གཏན་རང་བཞིན་གྱི་རོགས་སྐྱོར་བྱ་ཐབས་འཐུས་ཚང་དུ་གཏང་དགོས། ཞིང་པ་ལས་མི་དང་། སྟབས་བསྟུན་ལས་ཞུགས་མི་སྣ། ལས་རྣམ་གསར་པའི་ལས་ཞུགས་མི་སྣ་བཅས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ལམ་ལུགས་དང་། དམག་ཞབས་ཐིམ་པའི་དམག་མིའི་འགན་སྲུང་ལམ་ལུགས། རྒན་རྒོན་ལ་གཅེས་སྐྱོང་གི་ཞབས་ཞུའི་མ་ལག དབང་པོ་སྐྱོན་ཅན་དང་དྭ་ཕྲུག་ལ་རོགས་སྐྱོར་སོགས་ཀྱི་སྤྱི་ཚོགས་ཕན་བདེའི་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཉམ་འགུལ་རྒྱུན་འཁྱོངས་ལྷོད་མེད་དང་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་རྩ་འཛུགས་ཀྱི་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཉོ་སྒྲུབ་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་བཅས་བྱས་ནས་སྨན་བཅོས་འགན་བཅོལ་མ་དངུལ་བེད་སྤྱོད་ཀྱི་ཕན་ནུས་ཆེ་རུ་གཏང་དགོས།

ཞི་ཅིན་ཕིང་གིས་བསྟན་གནང་དོན། ཁྲིམས་འཛུགས་དང་། ཁྲིམས་ལྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ནས་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་ནས་སྤྱི་ཚོགས་འགན་སྲུང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས། སྤྱི་ཚོགས་འགན་སྲུང་གི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རིམ་ཁག་སྲིད་གཞུང་དང་། མི་སྤྱོད་ཚན་པ། མི་སྒེར། སྤྱི་ཚོགས་བཅས་ཀྱི་སྤྱི་ཚོགས་འགན་སྲུང་དབང་ཆ་དང་། འོས་འགན། འགན་འཁྲི་བཅས་ཁྲིམས་ལྟར་དོན་འཁྱོལ་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། སྤྱི་ཚོགས་འགན་སྲུང་གི་དོ་དམ་མ་ལག་དང་ཞབས་ཞུའི་དྲྭ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་དང་དོ་དམ་བྱེད་སྟངས་ཞིབ་ཚགས་སུ་གཏོང་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་དེ་བས་འབད་བརྩོན་བྱས་ནས་སྤྱི་ཚོགས་འགན་སྲུང་གི་བཅོས་སྐྱོང་ནུས་པ་ཆེ་རུ་གཏང་དགོས།

ཞི་ཅིན་ཕིང་གིས་ལམ་ལུགས་ཀྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་མཐའ་འཁྱོངས་དང་རྒྱལ་ཁབ་ནས་རྩེ་རིམ་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལམ་ལུགས་ཀྱི་གཅུན་འདོམས་རང་བཞིན་ཆེ་རུ་དང་ལམ་ལུགས་འཁོར་རྒྱུག་ལ་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་དགོས། དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུས་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ།
  • ལེ་ཚན་རྗེས་མ།: དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞིར་ཆོག་མཆན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།