སྐྲ་དཀར་ཧྲུའུ་ཅི་ཝུན་ཞུའེ་སུང་གི་གནས་ཚུལ་རགས་བཀོད།

ཀུན་དགའ་བསམ་གཏན་གྱིས་བྲིས།        2021-01-22



སྐྲ་དཀར་ཧྲུའུ་ཅི་ཝུན་ཞུའེ་སུང་གི་གནས་ཚུལ་རགས་བཀོད།

ཝུན་ཞུའེ་སུང་གིས་ལྷ་འགོ་གྲོང་སྡེའི་ནས་བག་སྲབ་ཀྱི་མགྲིན་ཚབ་པ་བྱེད་བཞིན་པའི་ཚུལ།

ཉེ་ཆར《གཙོ་སྒྲོག་པས་གསར་འགྱུར་མཉམ་བསྒྲགས་བཤད་པ》ཞེས་པའི་ལེ་ཚན་ནང་དུ་ཡང་བསྟན་འཛིན་གླེང་གིན་འདུག དྲྭ་གྲོགས་ཤིག་གིས་ཕྱོགས་བསྡོམས་ཡག་པོ་བྱས་འདུག བསྟན་འཛིན་ནི་སྐར་ཁུང་ལྟ་བུ་ཞིག་ཡིན་ཞིང་། ང་ཚོས་སྐར་ཁུང་དེ་བརྒྱུད་ནས་ལི་ཐང་གི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་དང་དམངས་ཀྱི་འཚོ་བ། སྤུན་ཟླའི་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་པའི་མཛའ་བརྩེ། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པ་དོན་དུ་འཁྱོལ་བ་སོགས་རྣམ་པ་འདྲ་མིན་མཐོང་ཐུབ་པར་མ་ཟད། ཕྱི་ཕྱོགས་པས་སྐར་ཁུང་དེ་བརྒྱུད་ནས་ལི་ཐང་ལ་ལྟ་སྐབས་ལི་ཐང་མང་ཚོགས་ཀྱིས་ཀྱང་ཕྱོགས་བཞི་མཚམས་བརྒྱད་ནས་བཅངས་པའི་བརྩེ་སེམས་དང་རྒྱབ་སྐྱོར། རོགས་རམ་བཅས་ལ་མྱོང་ཚོར་ཐུབ་ཅིང་། དབུལ་ཐར་ནི་མགོ་ཚུགས་ཙམ་ཡིན་ལ་ཕྱོགས་ཡོངས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུའི་ཐོག་གཅིག་ཀྱང་ལུས་མི་རུང་ཞེས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་གཙོ་སྒྲོག་པ་ལི་ཙེ་མོང་གིས་དེ་ལྟར་བཤད།

《གཙོ་སྒྲོག་པས་གསར་འགྱུར་མཉམ་བསྒྲགས་བཤད་པ》ནང་དུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པར་དོ་ཁུར་བྱས་ཡོད། ལྷད་མེད་དྭངས་གཙང་གི་བསྟན་འཛིན་གྱི་རྒྱབ་ན། མཛེས་སྡུག་ཕ་ཡུལ་གྱི་ཆེད་དུ་དབུལ་སྐྱོར་ལས་བྱེད་པ་ཚོས་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་འབད་པ་བྱེད་བཞིན་ཡོད། བསྟན་འཛིན་གྱི་ཕ་ཡུལ་ལི་ཐང་རྫོང་དུའང་ལོ་རབས80པའི་ནང་སྐྱེས་པའི་གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་པ་ཞིག་འཕྲིན་སྦྱོར་ཆེ་གྲས་ཁག་ཏུ་སྐད་གྲགས་ཁྱབ་ཡོད་ཅིང་། ཁོང་ནི་ལི་ཐང་རྫོང་མཚོ་གསུམ་ཡུལ་ཤོག་ལྷ་འགོ་གྲོང་སྡེར་བཅའ་སྡོད་བྱེད་བཞིན་པའི་ཧྲུའུ་ཅི་དང་པོ་ཝུན་ཞུའེ་སུང་རེད། མི་དམངས་མང་ཚོགས་ཀྱི་མིག་ལམ་དུ་རྒས་མ་རན་གོང་ནས་མགོར་སྐྲ་དཀར་སྐྱེས་པའི་ཧྲུའུ་ཅི་དང་པོ་མཐོང་ཐེངས་རེར་གཞི་རིམ་འཐབ་ཕྱོགས་དང་པོའི་ལས་བྱེད་པའི་བློས་འབུལ་སྙིང་སྟོབས་ལ་བསྔགས་བརྗོད་ཀྱི་མཐེ་མོ་ཐོད་དུ་མི་ཀེར་མཁན་གཅིག་ཀྱང་མེད།

ལས་རོགས་ཚོའི་མིག་ལམ་དུ་ཝུན་ཞུའེ་སུང་ནི་སྡོད་ཚུགས་མེད་པའི་ལས་བྱེད་པ་དར་མ་ཞིག་ལ་རྩིས་བཞིན་ཡོད། གང་རེད་ཅེ་ན། ཁོང་སྐབས་རེར་གྲོང་སྡེའི་ཨུ་ལྷན་གྱིས་བསྐྲུན་པའི་ཚོད་ལྟ་ཁང་དུ་སོང་ནས“བཟའ་བཅའ་ཐེབས་ཆག”བཟོས་ནས་ཡུལ་ཤོག་གི་དབུལ་སྐྱོར་ལས་བྱེད་པ་གདན་དྲངས་ནས་ཚོད་ལྟའི་ཚུལ་དུ་ཟ་རུ་འཇུག་པ་དང་། མཚམས་རེར་ཁོང་གིས་འཁྱུག་དབྱིངས་གཙོ་སྒྲོག་པའི་ངོས་ནས་གྲོང་སྡེའི་ནང་གི་ཐོན་རྫས་ཕྱིར་འཚོང་བྱེད་ཀྱི་ཡོད། ཁོང་གིས་ལས་བྱེད་པ་ཚོར་བཟའ་རྒྱུ་དང་འཚོང་རྒྱུ་སྤྲད་པའི་དངོས་ཟོག་ཚང་མ་ནི་གྲོང་སྡེའི་ནང་གི་དབུལ་སྐྱོར་ལས་བྱེད་པ་ཁ་ཤས་ཀྱིས་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱས་པའི་ནས་བག་སྲབ་སོགས་ཀྱི་ཐོན་རྫས་ཡིན་པས་ཐོན་རྫས་དེ་དག་དྲྭ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་ནས་ཕྱིར་ཚོང་བྱེད་བཞིན་ཡོད་པ་རེད།

མགོར་སྐྲ་དཀར་གང་བའི་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོ།

གསར་འགོད་པས་ཝུན་ཞུའེ་སུང་གི་གྲོགས་ཚོམས་ལ་ལྟ་སྐབས་དབུལ་སྐྱོར་ལམ་བུའི་ཐོག་མི་སྣ་འདྲ་མིན་དང་འཚམ་དགོས་པས་མ་ཚད། སློབ་སྦྱོང་དང་འཐུས་ཚང་དུ་གཏང་དགོས་སའང་མང་ཞིང་། ང་ཚོས་དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་པ་བྱས་ནས་ལང་ཚོའི་ཉི་གཞོན་ཆུད་ཟོས་སུ་གཏོང་མི་རུང་ཞེས་བྲིས་ཡོད་པ་མཐོང་།

གསར་འགོད་པས་ཁྱེད་ཀྱིས་དབུལ་སྐྱོར་ལམ་བུར་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་ཅེས་པའི་སྐད་ཆ་དེ་འདྲི་སྐབས་ཝུན་ཞུའེ་སུང་གིས་འཕྲལ་མར་གསར་འགོད་པའི་དྲི་བ་མཚམས་འཇོག་བྱས་ཤིང་། མིག་སྔར་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས་ན། གྲོང་སྡེར་བཅའ་སྡོད་བྱེད་བཞིན་པའི་ལས་དོན་མི་སྣས་ངེས་པར་དུ་ཕུགས་ཕན་གྱི་འགན་འཁྲི་ཁུར་ནས་གནས་བབ་ལ་འགྱུར་ལྡོག་གཏང་དགོས་ཞེས་བཤད།

གསར་འགོད་པས་ཧྲུའུ་ཅི་ཝུན་ལགས་ལ་སྐྲ་དཀར་པོ་ཆགས་པའི་རྒྱུ་མཚན་གང་ཡིན་ཞེས་འདྲི་སྐབས། ཝུན་ཞུའེ་སུང་གིས་ལོ40ལ་སླེབས་རན་འདུག་པས་སྐྲ་དཀར་སྐྱེས་ནའང་སྐྱོན་མི་འདུག་ཅེས་གྲོང་སྡེར་བཅའ་སྡོད་བྱེད་པའི་དཀའ་ངལ་ཐམས་ཅད་ཀུ་རེའི་ཚུལ་གྱི་སྐད་ཆ་ཐུང་ངུའི་ནང་དུ་སྦས་པ་རེད། དགའ་འོས་པ་ཞིག་ལ་ཁོང་ལྷ་མགོ་གྲོང་སྡེར་བཅའ་སྡོད་བྱས་པ་ནས་བཟུང་ཤིང་བཟོ་དང་རྡོ་བཟོ། རྩི་གཏོང་། གློག་ལས་སོགས་ལག་རྩལ་འདྲ་མིན་ཤེས་ཡོད་པའི་ཐོག ན་ལོའི་སྤྱི་ཟླ5པར་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནང་བའི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཀྱང་ཐོབ་པ་རེད།

གྲོང་སྡེར་བཅའ་སྡོད་བྱེད་པའི་གཞི་རིམ་གྱི་ལས་བྱེད་པ་ཝུན་ཞུའེ་སུང་ཟླ་བ་ཁ་ཤས་རིང་ཁྱིམ་དུ་ལོག་ཐུབ་ཀྱི་མེད་ཅིང་། ཁོང་གིས་ང་གྲོང་སྡེར་བཅའ་སྡོད་བྱས་རྗེས་གནས་སྐབས་ཁྱིམ་དུ་ལོག་བསམ་གྱིན་མེད། གང་རེད་ཅེ་ན། མགོ་ཡོངས་རྫོགས་སྐྲ་དཀར་གྱིས་ཁེངས་ཡོད་པས་རང་གི་བུ་མོར་ལྟ་བའི་སྤོབས་པ་མི་འདུག གལ་སྲིད་མོའི་མིག་ལམ་དུ་ངའི་གཟུགས་བརྙན་དེ་མཐོང་སྐབས་སྐྲག་སྣང་སྐྱེས་ནའང་ཐང་། ངས་དེ་ལྟར་བསམ་ནས་བུ་མོའི་སྐྱེས་སྐར་གཏོང་སྐབས་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ནང་ནས་བུ་མོ་ལ་སྨོན་འདུན་ཞུ་བ་ཡིན། ཝུན་ཞུའེ་སུང་གིས་མགོར་སྐྲ་དཀར་སྐྱེས་པར་ལྡོག་ཐབས་མེད་ཀྱང་། དམངས་འཚོར་འགྱུར་ལྡོག་གཏོང་བའི་ཐབས་ཤེས་ཡོད་ཅེས་བཤད། བསྟན་འཛིན་གྱི་ཕ་ཡུལ་དུ་ཝུན་ཞུའེ་སུང་དང་འདྲ་བའི་གྲོང་སྡེར་བཅའ་སྡོད་བྱེད་བཞིན་པའི་ལས་བྱེད་པ་མང་པོ་ཡོད་ཅིང་། ཁོང་ཚོས་སྔར་བཞིན་འཐབ་ས་དང་པོར་འབད་འཐབ་བྱས་ནས་མི་སྒེར་གྱི་དཀའ་ཚེགས་རྒྱབ་ཏུ་བསྐྱུར་ནས་མང་ཚོགས་ཀྱི་བདེ་སྐྱིད་ཆེད་དུ་འབད་འབུངས་བྱེད་བཞིན་ཡོད།

བསྟན་འཛིན་འདྲ་བའི་ཕོ་རྒོད་དང་མོ་གསར་མང་པོ་ཤུགས་ཀྱིས་བསྐྱངས།

གསར་འགོད་པས་ཁ་པར་བརྒྱུད་ནས་ཝུན་ཞུའེ་སུང་ལ་སྔ་རྗེས་སུ་འབྲེལ་གཏུག་ཐེངས་གསུམ་ཙམ་བྱས་ཡོད་ཅིང་། ཐེངས་རེར་ཝུན་ཞུའེ་སུང་གིས་དགོངས་པ་མ་ཚོམ་ལགས། ད་ལྟ་ང་ལ་བྲེལ་བ་ཚ་པོ་འདུག ཏོག་ཙམ་བསྒུགས་ནས་ཕར་འབྲེལ་བ་བྱེད་ཆོག་ཅེས་བཤད།

ཆུ་ཚོད་ཁ་ཤས་སོང་རྗེས་གསར་འགོད་པས་སླར་ཡང་ཁོང་དང་འབྲེལ་བ་བྱེད་དུས་ཁོང་གིས་སྤྱི་སྐད་བདེ་པོའི་ཐོག་ནས་རྒྱལ་ཡོངས་མི་དམངས་ཚང་མ་ལི་ཐང་དུ་ཡོང་འདོད་ཡོད་བཞིན་འདུག ང་ཚོས་ཚོགས་འདུའི་ཐོག་ཇི་ལྟར་བྱས་ནས་བསྟན་འཛིན་གཅིག་དེ་བསྟན་འཛིན་མང་པོར་བསྒྱུར་རྒྱུའི་ཐད་གྲོས་བསྡུར་བྱས་པ་ཡིན་ཞེས་བཤད།

གསར་འགོད་པས་ཝུན་ཞུའེ་སུང་དང་གླེང་མོལ་བྱས་རྗེས་ན་ལོར་ལོ37ལ་སླེབས་པའི་ཝུན་ཞུའེ་སུང་ནི་ཁུལ་ཐ་མག་ཆེད་ཚོང་ཅུས་འབའ་ཐང་རྫོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡིན་པ་དང་། 2019ལོའི་སྤྱི་ཟླ5པར་ལི་ཐང་རྫོང་མཚོ་གསུམ་ཡུལ་ཤོག་ལྷ་འགོ་གྲོང་སྡེར་བཅའ་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར་བར་རང་འགུལ་ངང་རེ་ཞུ་བྱས་ནས་མང་ཚོགས་ལ་ཕྱུག་འགྱུར་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པ་ཤེས་རྟོགས་བྱུང་།

གསར་འགོད་པས་ཝུན་ཞུའེ་སུང་གི་གྲོགས་ཚོམས་ཀྱི་མདུན་ཤོག་ནི་དགུང་སྔོན་སྤྲིན་དཀར་འོག་གི་ལྷ་འགོ་གྲོང་སྡེའི་མུའུ་བརྒྱའི་མེ་ཏོག་ཞིང་ཁ་ཡིན་པ་གོ་ཞིང་། དེའི་གོང་ཁམས་པའི་འཕྲིན་སྦྱོར་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ལི་ཐང་རྫོང་ལྷ་འགོ་གྲོང་སྡེའི་མུའུ800ཡི་མེ་ཏོག་ཞིང་ནང་དུ་འཚོ་བ་སྐྱེལ་བ་དེ་གྲོགས་པོ་ཚོས་ཤེས་ཀྱི་མེད། ཇི་ལྟར་བྱས་ནས་མི་དེ་བས་མང་བ་ཞིག་མེ་ཏོག་གི་རྒྱ་མཚོ་ནས་ལྷ་འགོ་གྲོང་སྡེར་བསྐྱོད་རྒྱུ་དེ་ལས་བྱེད་པ་ཚོས་དོ་ཁུར་ཆེན་པོ་བྱེད་པའི་བྱ་བ་ཞིག་རེད་འདུག དྲིལ་བསྒྲགས་ཐོན་ཁུངས་ལ་ཚད་ཡོད་པའི་གནས་ཚུལ་འོག་གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་པ་ཚོས་དང་ཐོག་རང་ཉིད་ཀྱི་གྲོགས་ཚོམས་ནང་མུའུ་བརྒྱའི་མེ་ཏོག་ཞིང་སའི་སྐོར་གྱི་གནས་ཚུལ་བརྒྱུད་བསྒྲགས་བྱེད་ཀྱི་ཡོད། ཝུན་ཞུའེ་སུང་གིས་ང་ཚོའི་གྲོང་སྡེར་ལོ་ལྟར་རྟ་རྒྱུག་འགྲན་བསྡུར་བྱེད་ཀྱི་ཡོད་ཀྱང་ཚང་མས་ཤེས་ཀྱི་མེད་པ་འདྲ། ལི་ཐང་རྫོང་གི་ཡུལ་སྐོར་ཐོན་ཁུངས་ཡག་པོ་ཡོད་ཀྱང་དྲིལ་བསྒྲགས་ཐབས་ལམ་ཐད་ད་དུང་མི་འདང་ས་འདུག་པས་ང་ཚོས་དེའི་ཐད་ཤུགས་རྒྱག་དགོས་འདུག་ཅེས་བཤད།

ཐེངས་འདིར་བསྟན་འཛིན་དྲྭ་གྲགས་པར་གྱུར་ནས་འཛམ་གླིང་ཡོངས་ཀྱིས་ལི་ཐང་རྫོང་ལ་རྒྱུས་ལོན་ཐུབ་ཅིང་། ལྷ་མགོ་གྲོང་སྡེའི་ན་གཞོན་ཚང་མས་འཁྱུག་དབྱིངས་རྩེ་བཞིན་ཡོད་མོད། འོན་ཀྱང་ཁོ་ཚོས་གང་བྱུང་དུ་རྩེ་བ་ལས་འཆར་གཞི་བཀོད་སྒྲིག་གང་ཡང་ཡོད་པ་མ་རེད། ཝུན་ཞུའེ་སུང་གིས་གསར་འགོད་པར་འཁྱུག་དབྱིངས་ཀྱི་ནང་དོན་གཙོ་བོ་འགའ་རེ་སྦྱང་རྒྱུར་བསམ་གཞིག་བྱས་ནས་གྲོང་པའི་ཕོ་རྒོད་མོ་གསར་ཚོར་སྤྱི་སྐད་སྦྱོང་བཅུག་གིན་ཡོད། ལྷ་མགོ་གྲོང་སྡེར་བསྟན་འཛིན་འདྲ་བོའི་ཕོ་གསར་མོ་གསར་ཚོ་གཅིག་གསོ་སྦྱོང་བྱས་ནས་ལི་ཐང་རྫོང་དང་ཐ་ན་དཀར་མཛེས་ཁུལ་གྱི་ཡུལ་སྐོར་དྲིལ་བསྒྲགས་ཀྱི་མཚོན་ཚབ་པ་ཁག་གཅིག་གསོ་སྦྱོང་བྱ་རྩིས་ཡོད་ཅེས་བཤད།

ཐད་གཏོང་ཚོང་ཁྱེར་གྱིས་ཕྱུག་འགྱུར་ལམ་བུ་བསྐྲུན།

ཝུན་ཞུའེ་སུང་གིས་གསར་འགོད་པར་གྲོང་སྡེའི་ནང་དུད་ཚང109ཡོད་ཅིང་། དེ་དག་མང་ཆེ་བ་ནི་དབྱར་རྩྭ་དགུན་འབུ་དང་ཤ་མོ་འཐུ་བ། ནས་འདེབས་པ། གསོ་ཚགས་ལས་རིགས་འཕེལ་རྒྱས་གཏོང་བ་བཅས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། 2017ལོར་གྲོང་སྡེ་ཧྲིལ་པོ་དབུལ་ཐར་ཐུབ་ཡོད་ཀྱང་ད་དུང་མང་ཚོགས་ཁག་གཅིག་གི་ཡོང་འབབ་བརྟན་པོ་མི་འདུག་ཅེས་བཤད།

ཝུན་ཞུའེ་སུང་གིས་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ2017ལོའི་སྤྱི་ཟླ8པར་དཀར་མཛེས་ཁུལ་ཞིང་ལས་ཁྱད་ཆོས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་ཀྱི་ས་གནས་ས་ཐོག་གི་ཚོགས་འདུར་ཞུགས་པ་དང་། གཙོ་སྒྲོག་པ་ཆེ་གྲས་ཁག་དང་སྤེལ་རེས་བྱས་པར་བརྒྱུད་ཞིང་ལས་ཁྱད་ཆོས་ཐོན་རྫས་འཕེལ་རྒྱས་གཏོང་བའི་མཐོང་རྒྱ་ཆེ་རུ་སོང་། ལྷ་འགོ་གྲོང་སྡེའི་ཆ་སྙོམས་མཚོ་འཕགས་སྨི3700ལ་ཟིན་པ་དང་། སི་ཁྲོན་ནུབ་བྱང་གི་མཐོ་གྲང་ས་ཁུལ་དུ་གཏོགས་པས་གཙོ་བོ་ནས་ཐོན་གྱི་ཡོད། ལྷ་འགོ་གྲོང་སྡེའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བརྟག་ཞིབ་བྱས་རྗེས་ནས་ལས་སྣོན་ཞིབ་ཚགས་བྱས་ཏེ་ཞིང་དུད་ནས་འཛད་སྤྱོད་པའི་བྲིན་ཚོང་ཐབས་ལམ་ཞིག་གཏོད་རྒྱུའི་གཏན་འཁེལ་བྱས་པ་རེད།

ན་ལོ་ལི་ཐང་རྫོང་སྲིད་གཞུང་གིས་ལྷ་འགོ་གྲོང་སྡེའི་དུད་ཚང་རེའི་གྲོང་མིར་སྔོ་ཚལ་དྲོད་ཁང་ཆུང་གྲས་བསྐྲུན་ནས་ཁོང་ཚོར་ས་མཐོའི་སྔོ་ཚལ་འདེབས་རྒྱུའི་ལྕག་སྐུལ་བྱས་པ་རེད། ནོ་ལོའི་སྤྱི་ཟླ་བཞི་པའི་ཟླ་མཇུག་ཏུ་ཁུལ་ཐ་མག་ཆེད་ཚོང་ཅུས་ཀྱིས་གྲོང་མི་ཚོར་སྒོར་ཁྲི་ཡན་གྱི་སྔོ་ཚལ་ས་བོན་སྤྲད་ཡོད། ཝུན་ཞུའེ་སུང་གིས་ང་ཚོས་འདི་ལོར་འདེབས་འཛུགས་བྱས་པའི་སྔོ་ཚལ་གྱིས་གྲོང་མི་ཚོའི་རྒྱུན་གཏན་གྱི་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་ཐུབ་པ་དང་། རང་ཐོན་རང་གསོ་དང་རང་མཁོ་རང་སྤྲོད་བཅས་བྱས་ནས་གྲོང་མི་ཚོའི་འགྲོ་སོང་ཉུང་དུ་གཏོང་ཐུབ་ཅེས་བཤད་པ་རེད། །


  • ལེ་ཚན་སྔོན་མ།:ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་སུ་འདི་འདྲ་བསྟན་འདུག
  • ལེ་ཚན་རྗེས་མ།:ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།