ཆོས་འཁོར་དང་རི་དྭགས་ཕོ་མོའི་མཚོན་དོན།

རྒྱ་མཚོའི་བསྒྲིགས།        2011-07-07

གཙུག་ལག་ཁང་རྣམས་ཀྱི་སྒོ་སྟེང་དུ་འཇོག་པའི་ཆོས་འཁོར་དང་རི་དྭགས་ཕོ་མོའི་གཟུགས་རིས་ཀྱི་མཚོན་དོན་ནི།ལོ་རྒྱུས་དེབ་ཐེར་དག་ཏུ་གསུངས་པ་ལྟར་ན།སྔོན་བདག་ཅག་གི་སྟོན་པ་ལ་ཚངས་པས་འཁོར་ལོ་རྩིབས་སྟོངས་ཤིག་ཕུལ་ཏེ་དམ་པའི་ཆོས་གསུང་བར་གསོལ་བ་འདེབས་པའི་ཚེ་ན།ནགས་ནས་རི་དྭགས་ཕོ་མོ་ཟུང་གཅིག་འོངས་ཏེ་འཁོར་ལོར་མིག་མི་ཟུམ་པས་ལྟ་བ་ལ།སངས་རྒྱས་ཀྱིས་ཚུལ་དེ་ལ་བརྟེན་ནས་འཕགས་ལམ་ཡན་ལག་བརྒྱད་འཁོར་ལོ་དང་སྦྱར་ཞིང་།དེ་གང་གི་རྒྱུད་ལ་འཕོ་བའི་གང་ཟག་ཕོ་མོ་གཉིས་རི་དྭགས་གཉིས་སུ་སྦྱར་ཏེ།འཁོར་ལོ་ནི་དམ་པའི་ཆོས།རི་དྭགས་ནི་གདུལ་བྱ་སྟེ།ཐེག་པ་ཆེ་ཆུང་དང་།གྲུབ་མཐའ་གོང་འོག ལྷ་མི་སོགས་མཚོན་ཞེས་བཀོད་ཡོད།ཡང་ན།འཁོར་ལོ་ནི་ཐུབ་པའི་བསྟན་པ་དང་།རི་དྭགས་གཉིས་ཀྱིས་གཞིའི་བདེན་གཉིས་ལམ་གྱི་ཐབས་ཤེས་དང་།ལྟ་བ་དང་སྤྱོད་པ།འབྲས་བུ་ཆོས་གཟུགས་ཀྱི་སྐུ་རྣམས་མཚོན།གཞན་ཡང་།ཆོས་ཀྱི་འཁོར་ལོ་ནི་འཁོར་ལོ་འཛིན་བྱེད་ཀྱི་ལྟེ་བ་དང་།གཅོད་བྱེད་ཀྱི་རྩིབས།སྡུད་བྱེད་ཀྱི་མུ་ཁྱུད་གསུམ་ལས་གྲུབ་ཅིང་།དེ་ལས་མང་མི་དགོས་ཤིང་ཉུང་ནའང་མིན་ཏེ།དེ་སྔ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གདན་དང་ཡངས་པ་ཅན་སོགས་ཀྱི་གནས་སུ་སྲིད་པའི་ནད་ཐམས་ཅད་འཇོམས་ཤིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཐབས་དང་སྨན་མཆོག་དམ་པ་སྟེ།གདུལ་བྱ་རིགས་ཅན་གསུམ་ལ་རང་རང་གི་སྐལ་བ་དང་འཚམ་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་མཚོན།དེའང་ཚུལ་ཁྲིམས་དང་།ཏིང་ངེ་འཛིན།ཤེས་རབ་སྟེ་ལམ་གྱི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་བསྡུས་ན།འདུལ་བ་དང་།མདོ་སྡེ།མངོན་པ་བཅས་ཆོས་སྡེ་སྣོད་གསུམ་དུ་འདུས་ཤིང་།གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་ཐམས་ཅད་རྩད་ནས་འབྱིན་པའི་གཉེན་པོའང་འདི་གསུམ་ཁོ་ན་ཡིན་པ་མཚོན། རི་དྭགས་ཕོ་མོ་གཉིས་ཀྱིས་ཆོས་འཁོར་གྱི་རྩེ་མོར་རྩེ་གཅིག་ཏུ་ལྟ་བ་ནི།ཕྱི་ནང་གི་གྲུབ་མཐའ་འཛིན་པ་ལ་སོགས་སྐྱེ་བོ་མཆོག་དམན་སུ་ཞིག་ཡིན་ཡང་།མཐར་ཐུག་འབྲས་བུ་སྐུ་གསུམ་ལ་དམིགས་ཤིང་བགྲོད་པའི་ལམ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ལམ་མཆོག་བསླབ་པ་གསུམ་ལས་གཞན་དུ་མ་མཆིས་པ་མཚོན་པ་ཡིན་ནོ།།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་མདོ་ཙམ་གླེང་བ།༢
  • ལེ་ཚན་རྗེས་མ།:རི་དྭགས་ཆོས་འཁོར་གྱིས་མཚོན་དོན།
  • དོ་སྣང་ཆེ་བའི་རྩོམ།