གནའ་བོའི་གྲོང་སྡེ་ལ་དེང་རབས་ཀྱི་མཛེས་ཉམས་མངོན།

དབྱངས་ཅན་གྱིས་བསྒྱུར།        2020-11-18

གནའ་བོའི་གྲོང་སྡེ་ལ་དེང་རབས་ཀྱི་མཛེས་ཉམས་མངོན།

སྡེ་དགེ་རྫོང་ལྕང་ར་ཡུལ་ཤོག་གཡུ་ཐོག་གྲོང་སྡེ།

      ད་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་ཀྱི་གུང་གསེང་སྐབས་སུ་རང་ཁུལ་ལ་ཆ་བཞག་ནས་བཤད་ན། གྲོང་སྡེའི་ཡུལ་མི་མང་པོ་ཞིག་ཡུལ་སྐོར་འགྲུལ་པ་སྣེ་ལེན་བྱེད་པར་བྲེལ་བཞིན་འདུག ཁོ་ཚོ་གཉེན་ཉེ་གྲོགས་པོའི་བར་གྱི་འགྲོ་འོང་དང་སྟོན་བསྡུ་ཕྱུགས་འཚོ་བྱེད་པར་བྲེལ་བཞིན་པ་མིན་ལ། ཁོ་ཚོ་ལྗོངས་ཁུལ་དུ་ཆུ་གཏོར་བ་དང་གད་རྒྱག་པ། ཞིང་པའི་སྤྲོ་སྐྱིད་གླིང་དུ་བཟའ་བཅའ་བཤམས་པ། འགྲུལ་པ་ཚོར་ལམ་ཁྲིད་པ། སྡོད་ཁང་བཀོད་སྒྲིག་བྱེད་པ། ཡུལ་མིའི་གནས་ཚང་དུ་དབྱང་རླུང་དང་དྲོད་གསོ་བ། ཁྱད་ལྡན་ཐོན་རྫས་ཀྱི་ཐུམ་རྒྱག་པ་སོགས་ཀྱི་ལས་ལ་བྲེལ་བཞིན་པ་རེད།

     དེང་སང་གི་དཀར་མཛེས་ཁུལ་ལ་སླེབས་དུས་རི་ཀློང་ཐང་གཞོང་གི་ཁྲོད་དུ་འབྲོག་སྡེའི་དཔལ་གྱིས་ཕྱུག་པའི་ཉག་ཆུའི་འབབ་རྒྱུད་ཀྱི་ཡུལ་སྐོར་མཛེས་ལྗོངས། དེ་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་བྱེད་སའི་ལྗོངས་ཁུལ། ནམ་མཁའི་སྐར་ཚོགས་ཐང་མར་བརྡལ་འདྲའི་དབུལ་སྐྱོར་གྲོང་གསར་གྱི་སྡོད་ཁང་གིས་མི་ཚོའི་མིག་དབང་རབ་ཏུ་འཕྲོག་བཞིན་པ། སྒྲིག་ཆས་ཆ་ཚང་དང་གྲོང་སྡེ་མཛེས་སྡུག་ལྡན་པ་དང་། ཡུལ་མིའི་འཚོ་བ་ཉིན་རེ་བཞིན་ཇེ་ཕྱུག་ཇེ་དར་བྱུང་བ། ལོ་ཆུང་གཞོན་ནུ་རྣམས་ཕ་ཡུལ་དུ་ཕྱིར་ལོག་པ་དང་གྲོང་ཁྱེར་གྱི་མི་རྣམས་ཡུལ་འདིར་ཆགས་ནས་གྲོང་སྡེའི་འཚོ་བར་དར་སྲོལ་གསར་པ་གཏོད་པ་རེད།

    རྨང་གཞིའི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་ནས་བདེ་སྡོད་ཀྱི་བསམ་དོན་གྲུབ།

     རྣ་རི་ཞེས་པའི་རི་འདབས་སུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་པའི་གཡུ་ཐོག་ཅེས་པའི་མཛེས་སྡུག་གི་གྲོང་གསར་ཞིག་ཡོད། ཡུལ་གཞན་དུ་གནས་སྤོ་བྱས་པར་བརྒྱུད། གཡུ་ཐོག་གྲོང་སྡེས་སྔོན་ཆད་ཀྱི་ཉམས་རྒུད་དང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ནས་རྣམ་པ་གསར་པའི་ཉམས་འགྱུར་ངོམས་པ་རེད།

      གཡུ་ཐོག་གྲོང་སྡེ་ནི་རང་ཁུལ་གྱི་སྡེ་དགེ་རྫོང་ལྕང་ར་ཡུལ་ཤོག་གི་འབྲི་ཆུའི་འབབ་རྒྱུད་ཀྱི་གྲོག་རོང་ཁུལ་དུ་ཆགས་ཤིང་།བོད་རང་སྐྱོང་ལྗོངས་དང་ཆུ་ངོགས་སྦྲེལ་ནས་ཡོད་པའི་དམར་དམག་གི་ཞབས་རྗེས་བཅགས་མྱོང་བའི་ས་གནས་ཤིག་ཡིན་པ་རེད། གྲོང་སྡེ་དེར་རྣ་བར་སྙན་པའི་མིང་ཞིག་ཡོད་ནའང་སྔོན་ཆད་ཡུལ་ཤོག་ཡོངས་སུ་ལམ་དང་། ཆུ། གློག ལག་ཁྱེར་ཁ་པར་གྱི་བརྡ་རྟགས་དང་རྒྱང་བསྒྲགས་བརྙན་འཕྲིན་སོགས་ཅི་ཡང་མེད་པའི་གྲོང་སྡེ་དབུལ་པོ་ཞིག་ཡིན་ཞིང་། ཆ་སྙོམས་མཚོ་འཕགས་སྨི4000ཡོད་པའི་གྲོག་རོང་དུ་གྲོང་མི་ཐར་ཐོར་དུ་ཆགས་ནས་འཚོ་གནས་བྱེད་དགོས་ཀྱི་ཡོད། གཡུ་ཐོག་གི་གཞུང་ལམ་དང་རྒྱང་ཐག་ཆེས་རིང་བའི་དུད་ཚང་བར་སྤྱི་ལེ48ཡོད་པས་ན་དབུལ་ཐར་འགག་སྒྲོལ་གྱི་ཆེས་དཀའ་གནད་ཆེ་བའི་གྲོང་སྡེར་གྱུར་པ་རེད།

གཡུ་ཐོག་གྲོང་སྡེའི་དབུལ་ཕོངས་ཀྱི་ད་ཡོད་གནས་ཚུལ་ཐག་གཅོད་མཐར་ཕྱིན་བྱ་ཆེད། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་ཡག་པོ་བྱས་རྗེས། གྲོང་སྡེ་དབུལ་པོའི་དུད་ཚང117གྱི་མི་འབོར523ཚང་མ་ཡུལ་གཞན་དུ་གནས་སྤོ་བྱེད་ཐག་བཅད་པ་རེད།

      གྲོང་མི་བསོད་ལྷས་ང་ཚོའི་ཡོང་འབབ་གཙོ་བོ་ནོར་ཟོག་ལ་བརྟེན་དགོས་ཀྱིན་ཡོད། རི་མགོ་ནས་མར་སླེབས་རྗེས་རྩྭ་ཐང་དང་རྒྱང་ཐག་ཇེ་རིང་དུ་གྱུར་བར་མ་ཟད། ད་དུང་མི་མང་པོ་ཞིག་རི་མགོའི་འཚོ་བ་ལོབས་ཟིན་པས་རི་འདབས་སུ་སླེབས་རྗེས་འཚོ་བར་སྟབས་མི་བདེ་བ་ཡོང་རྒྱུའི་སེམས་ཁྲལ་བྱས་མྱོང་། ཁྱད་པར་དུ་རྒན་རྒོན་ཚོས་མི་རབས་མང་པོར་དཀའ་ལས་བརྒྱབ་ནས་བསྐྲུན་པའི་སྡོད་ཁང་བསྐྱུར་འདོད་མེད་པ་རེད། དང་ཐོག་རི་མགོར་ཡོད་སྐབས་འཚོ་གནས་ཀྱི་ཆ་རྐྱེན་ཧ་ཅང་ཉམས་ཞན་ཡིན་མོད། ཡིན་ནའང་གྲོང་སྡེ་ཧྲིལ་པོ་གནས་སྤོ་བྱེད་པའི་འཆར་གཞི་དེ་ཤེས་རྗེས་གྲོང་མི་མི་ཉུང་བ་ཞིག་གིས་ཐེ་ཚོམ་བྱས་མྱོང་བ་རེད་ཅེས་བཤད་པ་རེད།

      སེམས་ཁྲལ་དང་དཀའ་གནད་ཀྱི་གནད་དོན་སེལ་རྒྱུ་ནི་ཏང་ཨུ་དང་སྲིད་གཞུང་གི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཏུ་གྱུར་ནས། གཡུ་ཐོག་གྲོང་སྡེའི་ཨུ་ལྷན་གཉིས་དང་ཏང་ཡོན་ཚོས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། འཆར་འགོད་གནད་སྨིན་དང་འཛུགས་ཡུལ་ལེགས་འདེམས་ཞིབ་གཉེར་གྱི་བྱེད་ཐབས་སྤྱད་ནས་གྲོང་གསར་བསྐྲུན་ཡུལ་གདམ་ག་བརྒྱག་རྒྱུ་དང་གཙང་སེལ་བྱ་རྒྱུ། རྒུད་གསབ་ལས་སྤྲོད་ཀྱི་བྱེད་ཐབས་སྤྱད་ནས་དུད་ཚང་རེས་མ་མཐའ་ཡང་རང་གྲབས་མ་དངུལ་སྒོར་ཁྲི1ལས་མི་ཉུང་བ་ཁག་ཐེག་བྱས་པ་རེད།

       ཐུན་མོང་དུ་འབད་བརྩོན་བྱས་པ་བརྒྱུད། 2017ལོ་ནས་བཟུང་གཡུ་ཐོག་གྲོང་སྡེའི་རི་འདབས་ཀྱི་གནས་ཡུལ་གསར་པ་བསྐྲུན་མགོ་བཙུགས། གྲལ་བསྟར་བསྒྲིགས་པའི་བོད་པའི་སྡོད་ཁང་རྣམས་བཀོད་པ་ལེགས་ཤིང་ལྟ་ན་སྡུག་པ་དང་། གཙང་ཞིང་གྲལ་འགྲིག་པའི་གྲོང་སྡེའི་གཞུང་ལམ་གྱི་གཡས་གཡོན་གཉིས་ལ་ལུག་མིག་མེ་ཏོག་བཀྲ་ནས་ཡོད་ཅིང་། ཉི་ནུས་གློག་སྒྲོན་དག་ལམ་བར་དུ་གྲལ་སྟར་བསྒྲིགས་ནས་འགོག་སྲུང་བྱེད་མཁན་ཞིག་དང་ཀུན་ནས་མཚུངས། གྲོང་སྡེ་ཡོངས་སུ་ཐོན་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་འདུག གྲོང་སྡེ་ཧྲིལ་པོ་ཡུལ་གཞན་དུ་གནས་སྤོ་བྱས་པར་བརྒྱུད། གཡུ་ཐོག་གྲོང་སྡེའི་བོད་པའི་ཁང་གསར་དག་བརྟན་ཞིང་གསལ་ཆ་ལྡན་པ་དང་། དུད་འབྲེལ་གཞུང་ལམ་ཡོངས་རྫོགས་ཨར་འདམ་གཞུང་ལམ་ཡིན་པ། སྤྱི་སྤྱོད་རླངས་འཁོར་ཡུལ་ཤོག་དང་རྫོང་ལ་ཐད་ཀར་གཏོང་ཐུབ་པ། དངོས་ཟོག་ཉོ་སྒྲུབ་སྟབས་བདེ་ཡིན་པ། གླ་བརྒྱག་རྒྱུ་དང་སློབ་གྲྭར་འགྲོ་བདེ་བ། གྲོང་སྡེའི་སློབ་ཆུང་དང་འཕྲོད་བསྟེན་ཁང་ཚང་མ་ཚད་གཞི་དང་ལྡན་པ། གྲོང་སྡེ་རིམ་པའི་བྱེད་སྒོ་སྤེལ་ཁང་དང་རིག་གནས་ཐང་ཆེན་གྱི་བཀོད་སྒྲིག་ཆ་ཚང་ཡིན་པ། གྲོང་མིས་ཉེ་འཁོར་དུ་སྤུས་ལེགས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ནས། སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ཡོད་པ་རེད།

    ཐོན་ལས་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་གྱི་བསམ་དོན་གྲུབ།

    སྟོན་ཁའི་བརྒྱད་ཟིལ་རྫོང་ཐང་མགོ་གྲོང་རྡལ་གྱི་འོད་སྐྱིད་གྲོང་སྡེར་མཛེས་སྡུག་གི་ཉམས་འགྱུར་རབ་ཏུ་ལྡན་པ་རེད།

    འོད་སྐྱིད་མཚོའི་ཉེ་འཁོར་དུ་ཆགས་པའི་འོད་སྐྱིད་གྲོང་སྡེའི་རྒྱབ་ཕྱོགས་སུ་རི་ཀླུང་བཅུ་གཉིས་དང་། ཁོངས་གཏོགས་ས་ཁུལ་གྱི་གདོད་མའི་ནགས་ཚལ། གཡང་གཟར་གྱི་གངས་རི། ཞིང་སྡེའི་དཔལ་གྱིས་ཕྱུག་པའི་ཡུལ་ལྗོངས། མཚེའུ་དང་རྩྭ་ཐང་སོགས་ཡོད་པ་རེད། 2020ལོའི་སྤྱི་ཟླ་དང་པོར་ལེགས་འགྲུབ་ངང་ཚན་པ་དང་པོའི་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཡུལ་དང2019ལོར་གྲོང་ཡུལ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་དཔེ་སྟོན་གྲོང་སྡེར་བདམས་ཐོན་བྱུང་བ་རེད།

ཐང་མགོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཧུའེ་ཡིས་ཁོ་ཚོས་གྲོང་སྡེའི་གནའ་རབས་ཀྱི་ཉམས་འགྱུར་སྲུང་འཛིན་བྱས་ནས། འོད་སྐྱིད་མཚོའི་དགེ་མཚན་ལྡན་པའི་རང་བྱུང་མཛེས་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་པ་དང་། མི་ཉག་བོད་ཁང་གི་གདོད་མའི་ཁྱད་ཆོས་ཀྱིས་བརྗོད་དོན་གཙོ་བོར་བྱས་ནས། འོད་སྐྱིད་མཚོ་ལ་ངལ་གསོ་སྤྲོ་གསེང་དང་། བདེ་གསོ། ཡུལ་སྲོལ་ཉམས་ལེན། སྐྱེ་ཁམས་ལྟ་སྐོར་སོགས་གཞི་གཅིག་ཏུ་འདུས་པའི་མཐོ་སྒང་གི་དབྱར་ས་སྐྱིད་པོ་ཞིག་གསར་སྤེལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

བསམ་པའི་དཔལ་ཡོན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱས་པའི་བྱེད་སྒོ་སྤེལ་བ་ནས་བཟུང་། གྲོང་སྡེ་དེས་གོ་སྐབས་དམ་འཛིན་བྱས་ཏེ་གྲོང་སྡེ་ཡོངས་ཀྱི་དུད་ཚང87གྱི་ཁྲོད་དུད་ཚང19ཡིས་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་སྦྲ་གུར་ཁྲོད་ཀྱི་འཚོ་བ་གསར་པའི་འབྲེལ་ཡོད་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་དང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི60ལྷག་གཏོང་འཇོག་བྱས་ནས་གཞིས་ཆགས་སྡོད་ཁང་བསྐྲུན་ཡོད། གཞན་པའི་ཡུལ་མིའི་དུད་ཚང68ཀྱིས་རང་གྲབས་མ་དངུལ་གཏོང་འཇོག་བྱས་ནས་སྔོན་རྗེས་སུ་སྡོད་ཁང་བསྒྱུར་བཀོད་བྱས་པ་རེད།

     ཁྱད་པར་དུ2015ལོ་ནས་བཟུང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་ཆས་ཞན་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། བརྒྱད་ཟིལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ནུས་ཤུགས་བསྒྲིམས་ནས་གྲོང་སྡེ་མཛེས་གྱུར་རིམ་སྤར་བྱས་ཤིང་། རྒྱུན་མཐུད་དུ་གྲོང་སྡེ་ཡོངས་ཀྱི་ཞིང་འབྲོག་མི་དམངས་ངལ་ལས་ནང་ཞུགས་པར་སྐུལ་སློང་བྱས་ནས་གྲོང་བགྲོད་གཞུང་ལམ་སྲ་འགྱུར་ཡོང་བ་དང་། མི་འབོར་གྱི་འཐུང་ཆུང་ཉེན་མེད་ཡོང་བ། ཉི་གློག་སྒྲིག་སྦྱོར་བྱེད་པ། གྲོང་སྡེའི་བྱེད་སྒོ་སྤེལ་ཁང་གསར་སྐྲུན་དང་ལྗོན་ཤིང་གསར་འཛུགས་བྱེད་པ་སོགས་བསྐྱར་སྐྲུན་དང་རྒྱས་སྐྲུན་ལས་གཞི་སྣ་ཚོགས་ལག་ལེན་བསྟར་ནས། གྲོང་སྡེའི་ཁོར་ཡུག་གི་རྣམ་པ་དང་སྡོད་སའི་ཆ་རྐྱེན་མངོན་གསལ་དུ་ལེགས་བཅོས་བྱུང་ནས། སྐྱེ་ཁམས་དང་ཡ་རབས་ཚུལ་ལྡན་གྱི་གྲོང་གསར་ཞིག་ཏུ་ཆགས་པ་དང་། ལྗོངས་ཁུལ་གྱི་ཞོར་གཏོགས་རྨང་གཞིའི་སྒྲིག་ཆས་ཀྱང་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།

     2018ལོའི་སྤྱི་ཟླ9པར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀོང་ཏུང་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི980བརྩོན་ལེན་བྱས་ཏེ་འོད་སྐྱིད་གྲོང་སྡེ་སྨད་པའི་རླངས་འཁོར་འཇོག་ས་དང་། མཛེས་ལྗོངས་ལྟ་ས། གཞུང་ལམ་བསྒྱུར་བཀོད། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཆབ་ཁང་སོགས་ཀྱི་འཛུགས་སྐྲུན་ཐད་སྤྱད་པ་རེད། ལོ་གཅིག་གི་རིང་ལ་འཕེལ་རྒྱས་བཏང་བར་བརྒྱུད། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི1320གཏོང་འཇོག་བྱས་ཏེ་འོད་སྐྱིད་གྲོང་སྡེའི་ཆ་ཚང་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་བ་དང་།དུས་རིམ་དང་པོར་སྐར་རྟགས་རིམ་པའི་ཡུལ་མིའི་གནས་ཚང7དང་གྲོང་སྡེའི་སྣེ་ལེན་ས་ཚུགས17གསར་སྐྲུན་ཧུར་ཐག་བྱས་པ་རེད།

      ང་ཚོས་རིམ་བཞིན་རྟ་བཞོན་ནས་འོད་སྐྱིད་མཚོར་སྐོར་བ་རྒྱག་པ་དང་། བྱེས་སུ་ཤིང་འབྲས་སྣ་ཚོགས་འཐོག་པ། མེ་ཕུང་སྒང་ནས་སྐོར་བྲོ་འཁྲབ་པ། བྱེས་སུ་བཟའ་བཅའི་ཞབས་ཕྱི་སྒྲུབ་པ་སོགས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལས་གཞི་གསར་སྤེལ་བྱས་ཡོད། རྗེས་སུ་རྐང་ཐང་དུ་འགྲོ་བ་དང་། རྟ་བཞོན། མཛེས་ལྗོངས་ལྟ་སའི་རླངས་འཁོར་སོགས་འགྲིམ་འགྲུལ་མ་ལག་གིས་ཐུན་མོང་དུ་འོད་སྐྱིད་གྲོང་སྡེ་ཡོངས་ཀྱི་རྐང་ཐང་དུ་སྤྲོ་གསེང་དང་ལྟ་སྐོར་བྱེད་སའི་འགྲོ་ལམ་ཕུད་ཁ། ད་དུང་ཞབས་ཕྱི་ལས་རིགས་ཀྱི་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཞབས་ཞུའི་ཚད་གཞི་མཐོར་འདེགས་བཏང་སྟེ་ཡུལ་སྐོར་བྱེད་མཁན་གྱི་འགྲུལ་པས་ཡུལ་སྐོར་དང་གནས་ཚང་ལ་ཉམས་ལེན་དེ་བས་ཡག་པོ་བྱེད་འཇུག་རྒྱུ་ཡིན་ཞེས་ཐང་མགོ་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་གི་རྡལ་དཔོན་ཀེང་ཀུའེ་ཅུན་གྱིས་དེ་ལྟར་བཤད་པ་རེད།

      སྔོན་ཆད་ཕྱུགས་འཚོ་རྒྱུ་དང་ཤ་མོ་འཐུ་རུ་འགྲོ་རྒྱུ། དབྱར་རྩྭ་དགུན་འབུ་རྐོ་རྒྱུ་སོགས་བྱས་ནས་དཀའ་ལས་བརྒྱབ་ཀྱང་ལོ་གཅིག་ལ་སྒོར་ཁྲི་གཅིག་ལས་རག་མི་ཐུབ་པ་རེད། 2007ལོར་གྲོང་སྡེའི་ཡུལ་མི་འདུལ་བ་རྒྱལ་མཚན་གྱིས་ཡུལ་མིའི་གནས་ཚང་བཙུགས་ནས་དེའི་མིང་ལ་འདུལ་བའི་མགྲོན་ཁང་ཞེས་བཏགས་ཡོད། འགྲིམ་འགྲུལ་ཉིན་བཞིན་སྟབས་ཇེ་བདེར་བྱུང་ནས་སྲོལ་རྒྱུན་གྱི་ཉམས་འགྱུར་ལྡན་པའི་ཡུལ་མིའི་གནས་ཚང་དུ་ཞབས་ཕྱི་གང་ལེགས་བསྒྲུབས་ནས་འདུལ་བ་རྒྱལ་མཚན་གྱི་ཡུལ་མིའི་གནས་ཚང་དེའི་ཚོང་ལམ་ཧ་ཅང་བྲིན་པ་རེད།

      འགྲུལ་པར་ཞབས་ཕྱི་དེ་བས་ཡག་པོ་བསྒྲུབ་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྩ་འཛུགས་བྱས་འོག འདུལ་བ་རྒྱལ་མཚན་བཟའ་མི་གཉིས་སྔོན་རྗེས་སུ་ཡུན་ནན་དང་ཝུན་ཁྲོན་སོགས་ཀྱི་ས་ཆར་ཕྱིན་ནས་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་དང་ཆབས་ཅིག ད་དུང་སྔོན་རྗེས་སུ་དཀར་མཛེས་ཁུལ་གྱི་གྲོང་སྡེའི་མགྲོན་ཁང་གི་གུས་ལུགས་བྱེད་སྟངས་དང་དཀར་མཛེས་ཁུལ་གྱི་གྲོང་སྡེའི་ཡུལ་སྐོར་བའི་སྣེ་ཁྲིད་མི་སྣ་དང་བསམ་ཚུལ་བརྗེ་རེས་བྱེད་པ་སོགས་ཀྱི་གསོ་སྐྱོང་སྦྱོང་བརྡར་ནང་ཞུགས་པ་རེད།

       དེང་སང་ཁོ་ཚོའི་ཡུལ་མིའི་གནས་ཚང་གི་གྱང་ངོས་སུWiFiཡི་མིང་དང་གསང་གྲངས་སྦྱར་ཡོད་པར་མ་ཟད། ད་དུང་ཁོང་བཟའ་མི་གཉིས་ལ་ཐོབ་པའི་བྱ་དགའ་དང་ལག་ཁྱེར། སྤྱི་སྐད་ཀྱི་རིམ་པ་དང་འདུས་པ་དང་། ཇ་མའི་གསོ་སྦྱོང་ལག་ཁྱེར་སོགས་སྦྱར་ཡོད། 2016ལོར་འདུལ་བའི་མགྲོན་ཁང་དེར་སི་ཁྲོན་ཞིང་ཆེན་གྲོང་ཡུལ་གྱི་ཡུལ་སྐོར་སྤུས་དག་ཐོན་རྫས་ཀྱི་ཁྱད་ལྡན་ལས་སྒོ་ཚང་གཉེར་བྱེད་སའི་དཔང་དངོས་བདེན་པ་ཡིན་མིན་ར་སྤྲོད་བྱས་ནས། ངེད་གཉིས་ཀྱིས་ལག་ཁྱེར་དྲུག་གི་རྒྱུགས་སྤྲད་ཡོད་ཅེས་འདུལ་བ་རྒྱལ་མཚན་གྱིས་སྤོབས་པ་ཆེར་བསྐྱེས་ཀྱིས་དེ་ལྟར་བཤད་པ་རེད།

       མཉེན་པོའི་སྟོབས་ཤུགས་དེ་དག་ཡོད་རྗེས་ཚོང་ལམ་ཡང་སྔ་བས་ཇེ་བྲིན་དུ་བྱུང་ནས།ན་ལོར་འདུལ་བ་རྒྱལ་མཚན་གྱི་གནས་ཚང་དེས་ཡོང་འབབ་ཁེར་གཙང་སྒོར་ཁྲི15ལས་བརྒལ་ཐུབ་པ་རེད།།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མིའི་ཚོགས་པ་ཁྲིད་དེ་ཧྲང་ཧའེ་ཀྲེ་ཅང་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་གྲོང་སྡེའི་ཁང་པའི་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།