ལིའུ་ཁྲེང་མིང་གིས་དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མིའི་ཚོགས་པ་ཁྲིད་དེ་ཧྲང་ཧའེ་ཀྲེ་ཅང་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད།

ལྷ་འཛོམས་ཀྱིས་བསྒྱུར།        2020-11-18

ལིའུ་ཁྲེང་མིང་གིས་དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མིའི་ཚོགས་པ་ཁྲིད་དེ་ཧྲང་ཧའེ་ཀྲེ་ཅང་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད།

ལིའུ་ཁྲེང་མིང་དང་ཞེ་ཁྲེན་ཚོགས་པའི་རྐང་འཛིན་ཅུས་ཀྱི་ཀྲུའུ་ཞི་ལིའང་ཅན་ཀྲང་དང་བཞུགས་མོལ་གནང་བཞིན་པའི་ཚུལ་རེད།

   སྤྱི་ཟླ11པའི་ཚེས9ཉིན་ནས་ཚེས12ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མིའི་ཚོགས་པ་ཁྲིད་དེ་ཧྲང་ཧའེ་དང་ཀྲེ་ཅང་དུ་བསྐྱོད་དེ་དབུལ་ཐར་འགག་སྒྲོལ་ཁྲོད་ཀྱི་འགྲིམ་འགྲུལ་དངུལ་ཁང་གི་བརྩེ་སེམས་དང་རོགས་རམ་ལ་ཐུགས་རྗེ་ཆེ་ཞུས་པ་རེད། ཞེ་ཁྲེན་ཚོགས་པའི་དོ་དམ་རིམ་པ་དང་མཉམ་དུ་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཁྲོད་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པའི་ཇུས་ཆེན་ལ་གྲོས་བསྡུར་བྱས་པ་རེད། ཝན་ལི་དབྱང་ཚོགས་པའི་ཅིན་ཧྭ་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་ལ་རྟོག་ཞིབ་གནང་ནས་དེ་ཆིང་མོ་ཆན་ཧྲན་གྲོང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་བྱས་པ་རེད།

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་དང་ཁུལ་ཨུའི་རྒྱུན་ཨུ། དར་མདོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཏེང་ལི་ཅུན་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྥུང་ཅུན་ཧྥེང་བཅས་རྟོག་ཞིབ་དང་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།

ལིའུ་ཁྲེང་མིང་གིས་འགྲིམ་འགྲུལ་དངུལ་ཁང་གི་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱས་རྗེས་འགྲིམ་འགྲུལ་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་ལས་འཛིན་པ་རེན་ཏེ་ཆི་དང་བཞུགས་མོལ་གནང་བ་རེད། ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་འགྲིམ་འགྲུལ་དངུལ་ཁང་གིས་སྔར་ནས་བཟུང་དཀར་མཛེས་ཁུལ་ལ་ལྷག་བསམ་ཟོལ་མེད་ཀྱིས་རོགས་སྐྱོར་གནང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་སྟོབས་ལྡན་འོག འགྲིམ་འགྲུལ་དངུལ་ཁང་གི་ཐུགས་ཁུར་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་འོག རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་སི་ཁྲོན་ཞིང་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པར་བརྟེན། ཁུལ་ཡོངས་སུ་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་བརླིང་། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ལས་བྱེད་པས་འབད་འབུངས་ཡར་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཀྲུང་དབྱང་ཁེ་ལས་ཀྱི་གནས་གཏན་འཁེལ་གྱི་རོགས་སྐྱོར་ཚན་པའི་འབད་བརྩོན་དང་བློས་གཏོང་བྱེད་པ་དང་ཁ་འབྲལ་ཐབས་མེད་ལ། འགྲིམ་འགྲུལ་དངུལ་ཁང་གིས་རང་ཁུལ་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པ་དེ་དཀར་མཛེས་ཀྱི་བུ་ཕྲུག་ཚོའི་སེམས་ནང་འགྱིང་ངེར་ལངས་པའི་རྡོ་རིང་ཆེན་པོ་ཞིག་དང་མཚུངས། བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་རྒྱུ་ཡིན་པ་དང་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་དྲིན་གཟོ་བཅངས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་རྩ་ཆེའི་རྒྱུ་ནོར་དང་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག་ཏུ་འགྱུར་ངེས་རེད། འགྲིམ་འགྲུལ་དངུལ་ཁང་གིས་སྔར་བཞིན་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བ་དང་། རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་དུས་ཚོད་དང་བསྟུན་ནས་རང་ཁུལ་དུ་ལས་སྒོ་རྒྱ་བསྐྱེད་གཏོང་བར་ཡོང་ནས་གཉིས་ཁེ་གཉིས་ཕན་ཡོང་རྒྱུར་འབད་བརྩོན་བྱ་དགོས་པའི་རེ་བ་བཏོན་པ་རེད།

རེན་ཏེ་ཆི་ཡིས་ལིའུ་ཁྲེང་མིང་དང་བཅས་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་འགྲིམ་འགྲུལ་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི“ལས་གྲྭ་ཨང་དང་པོར”བརྩིས་ནས་སླད་ཕྱིན་གྱི་ལས་ཀའི་ནང་འགྲིམ་འགྲུལ་དངུལ་ཁང་གིས་རང་ངོས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་དངུལ་རྩའི་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་ལ། ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏང་རྒྱུར་རྒྱབ་སྐྱོར་བྱས་ནས་དབུལ་པོ་བསྐྱར་ལོག་ཡོང་བར་སྔོན་འགོག་བྱེད་པའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཡོངས་སུ་ཐོབ་པར་ཁག་ཐེག་བྱ་དགོས་པར་མ་ཟད། ད་དུང་རོགས་སྐྱོར་བྱ་ཡུལ་གྱི་དབུལ་ཐར་འགག་སྒྲོལ་དང་ཡུལ་གྲོང་དར་སྤེལ་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།

   ལིའུ་ཁྲེང་གིས་ཡུལ་དངོས་སུ་ཝན་ལི་དབྱང་ཞེས་པའི་ཐོན་སྐྱེད་འཁོར་ཁང་ལ་རྟོག་ཞིབ་གནང་སྐབས། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་འཇོག་པ། ལག་རྩལ་བསྒྱུར་བཀོད། ཚུལ་སྒྱུར་རིམ་སྤོར་སོགས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་ནུས་དང་ཐོན་ལས་འཁོར་འབྲེལ་འཛུགས་སྐྲུན་སོགས་ཐད་ཀྱི་ཁེ་ལས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ཝན་ལི་དབྱང་ཚོགས་པས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ལྷུ་ལག་ཐོན་སྐྱེད་རྟེན་གཞིའི་རྣམ་གྲངས་དེ་དཀར་མཛེས་ཁུལ་ལ་ས་ཁོངས་བརྒལ་བའི་དཔལ་འབྱོར་གླིང་ཁུལ་དུ་གཞིས་ཆགས་རྒྱུ་བདམས་པར་བསྔགས་བརྗོད་བྱས་པ་རེད། ཁོང་གིས་ཝན་ལི་དབྱང་ཚོགས་པས་དཀར་མཛེས་ཁུལ་གྱི་བཟོ་ལས་གླིང་དུ་གཞིས་ཆགས་པ་དེ་ཏང་ཀྲུང་དབྱང་གིས་བཏོན་པའི་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་འཁོར་སྐྱོད་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པར་བྱེད་པའི་འཐབ་ཇུས་ཀྱི་ཐབས་ཇུས་དང་མཐུན་ལ། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་བྱ་སྤྱོད་ཀྱང་ཡིན་པ། ཝན་ལི་དབྱང་ཚོགས་པ་འཕེལ་རྒྱས་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་ཡིན་ལ། རང་ཁུལ་གྱི་བཟོ་ལས་གླིང་ཁུལ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གྲུབ་འབྲས་ཐོབ་པའི་ལག་ལེན་དངོས་ཀྱང་རེད། ལིའུ་ཁྲེང་མིང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་གང་མགྱོགས་དོན་འཁྱོལ་ཐུབ་རྒྱུར་ཞབས་འདེགས་ཡག་པོ་ཞུ་དགོས་པའི་ཐུགས་རེ་གནང་བ་རེད། ཝན་ལི་དབྱང་ཚོགས་པའི་ལས་འཛིན་པ་ཧང་ཧའོ་ཆིང་གིས་རྣམ་གྲངས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། རྟོག་ཞིབ་དང་སློབ་སྦྱོང་མཇུག་འགྲིལ་རྗེས་ཕྱོགས་གཉིས་པོས་རྣམ་གྲངས་དོན་ཐོག་འཁྱོལ་བར་མིང་རྟགས་འགོད་པའི་མཛད་སྒོ་སྤེལ་བ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་སྲུང་སྐར་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་ལེ་ཚན་ཆེ་གྲས《ལྗང་མདོག་གདོང་ལེན་པའི་སྐོར་གླེང་བ》ཞེས་པའི་ནང་དཀར་མཛེས་ཁུལ་གྱི་གནས་ཚུལ་བཤད།
  • ལེ་ཚན་རྗེས་མ།:གནའ་བོའི་གྲོང་སྡེ་ལ་དེང་རབས་ཀྱི་མཛེས་ཉམས་མངོན།
  • དོ་སྣང་ཆེ་བའི་རྩོམ།