དཀར་མཛེས་ཁུལ་གྱི་རིག་གནས་འཁྲབ་སྟོན་གྱིས་ཆབ་མདོ་གྲོང་ཁྱེར་པའི་མིག་དབང་ཕྲོགས།

ཀུན་དགས་བསྒྱུར།        2020-10-19

ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་གྱི་ཆེད་དོན་རིག་རྩལ་འཁྲབ་སྟོན་ཐེངས་གཉིས་པ་ཆབ་མདོར་སྤེལ།

དཀར་མཛེས་ཁུལ་གྱི་རིག་གནས་འཁྲབ་སྟོན་གྱིས་ཆབ་མདོ་གྲོང་ཁྱེར་པའི་མིག་དབང་ཕྲོགས།

འཁྲབ་སྟོན་བྱ་ཡུལ།

    སྤྱི་ཟླ10པའི་ཚེས12ཉིན།ཆབ་མདོ་གྲོང་ཁྱེར་ཇ་འདྲེན་ཐང་ཆེན་དུ་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས། དེར་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་གྱི་རིག་རྩལ་འཐུས་མི་ཚོགས་པའི་ཆེད་དོན་འཁྲབ་སྟོན་དུས་བཀག་ལྟར་སྤེལ་ཡོད། མང་ཚོགས་སྟོང་ཕྲག་ལྷག་རིག་རྩལ་འཁྲབ་སྟོན་བྱ་ཡུལ་དུ་འཛོམས། ཆུ་ཚོད15དང་སྐར་མ30ཡི་ཐོག་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དཀར་མཛེས་ཐིག་ཐ་ཞབས་བྲོའི་ཁྲོད་ནས་འཁྲབ་སྟོན་མགོ་ཚུགས་ཤིང་། དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་དགའ་བའི་གླུ་བླངས་ཤིང་སྐྱིད་པའི་བྲོ་འཁྲབས་ནས་ཕྱོགས་བཞིའི་སྐུ་མགྲོན་དང་ཆབ་མདོའི་གྲོང་ཁྱེར་པ་ཡོངས་ཀྱི་མིག་དབང་ཕྲོགས། འཁྲབ་སྟོན་ལེ་ཚན《དར་མདོའི་ཟླ་བ》དང《བཀྲ་ཤིས་པའི་ལུང་པ》《ཤམ་བྷ་ལ》སོགས་ཁམས་ཁུལ་གྱི་ཁྱད་ཆོས་ལྡན་པའི་གླུ་གཞས་རེ་རེ་ལས་ལྟད་མོ་བ་ཚོའི་ཡིད་སེམས་དབང་མེད་དུ་ཕྲོགས། ཁྱད་པར་དུ་ཁུལ་མི་རིགས་གླུ་གར་ཚོགས་པའི་ན་གཞོན་གླུ་བ་བསོད་ནམས་མགོན་པོས་བླངས་པའི་གླུ་གཞས《གླིང་སྒྲུང》ཞེས་པར་དགའ་བསུ་ཚད་མེད་ཐོབ། ལྟད་མོ་བ་ལྷ་མོས་སྔོན་ཆད་བརྙན་འཕྲིན་ནང་ཁོ་མཐོང་མྱོང་། དེ་རིང་འདི་འདྲའི་ཐག་ཉེ་ས་ཞིག་ནས་ཁོང་གི་གླུ་དབྱངས་ལ་ཉན་ཐུབ་པར་དཔེ་དགའ་པོ་བྱུང་། དཀར་མཛེས་ཁུལ་གྱིས་ང་ཚོར་ངོ་མཚར་ཆེ་བའི་འཁྲབ་སྟོན་ལེ་ཚན་རེ་རེ་བཞིན་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད། ཁུལ་མི་རིགས་གླུ་གར་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཁམས་པའི་སྒྱུ་རྩལ་དུས་ཆེན་ལ་ཆེད་མངགས་ལེགས་འདེམས་བྱས་པའི་ལེ་ཚན15ཡོད་ཅིང་། དེ་དག་ཚང་མ་བདེ་བླག་ངང་ནས་འཁྲབ་སྟོན་བྱས་ཡོད་ལ། ལེ་ཚན་སོ་སོའི་ནང་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཀྱི་ནང་དོན་ཟབ་མོ་མངོན་ཐུབ་པས་མ་ཚད། གླུ་གར་གྱི་རྣམ་པའི་ཐོག་ནས་དཀར་མཛེས་ཁུལ་དང་ཆབ་མདོ་གྲོང་ཁྱེར་གྱི་སྤུན་ཟླའི་བརྩེ་དུང་ཟབ་མོ་མཚོན་ཐུབ་ཡོད། དུས་མཉམ་དུ་ང་ཚོས་སྐབས་འདིའི་ཚོགས་འདུ་གཟབ་རྒྱས་ངང་ནས་སྤེལ་བར་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས་བ་ཡིན་ཞེས་བཤད། ལྟད་མོ་བའི་ཐལ་སྒྲ་དང་དགའ་འབོད་ཁྲོད་སྐར་མ90ཡི་འཁྲབ་སྟོན་དེ《བཀྲ་ཤིས་པའི་ཁམས་པ》ཞེས་པའི་གླུ་གཞས་ཁྲོད་ནས་མཇུག་འགྲིལ་ཡོད། ཆབ་མདོའི་གྲོང་མི་བློ་བཟང་གིས་དེ་རིང་དཀར་མཛེས་ཁུལ་གྱིས་འཁྲབ་སྟོན་བྱས་པའི་འཁྲབ་སྟོན་ལེ་ཚན་དག་དཔེ་ཡག་པོ་འདུག ཡུལ་དངོས་སུ་བསྡད་ནས་དཀར་མཛེས་ཐིག་ཐ་ཞབས་བྲོ་སོགས་ལེ་ཚན་རེ་རེར་བལྟས་པས་ན་དཀར་མཛེས་ཁུལ་གྱི་རིག་གནས་འཚོ་བ་སོགས་གང་ཐད་ནས་སྔར་བས་རྒྱུས་ལོན་ཐུབ་བྱུང་། ཐེངས་འདིའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལ་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:སྨན་བཅོས་ཉེན་སྐྱོབ་བྱས་ནས་མི་སེར་བདེ་ཐང་སྐྱོང་།། དབུལ་ཐར་འགག་སྒྲོལ་ཐུབ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད།།
  • ལེ་ཚན་རྗེས་མ།:དཔུང་སྡེ་ནས་ས་གནས་བར་གྱི་འབྲེལ་བའི་འགག་ལམ་བཤངས།
  • དོ་སྣང་ཆེ་བའི་རྩོམ།