གསར་གཏོད་དང་ནི་ལས་སྒྲུབ་སྙིང་སྟོབས་ལྷག་པར་ཆེ།། དབུལ་སྐྱོར་དཔའ་མོས་སྔོ་ཚལ་དྲོད་ཁང་སུམ་བརྒྱ་བཙུགས།།

མིག་དམར་དོན་གྲུབ་ཀྱིས་བསྒྱུར་ཞུས་བྱས།        2020-10-16

བྲག་མགོ་རྫོང་དབུལ་སྐྱོར་ཐོན་འབྱེད་ཅུས་ཀྱི་ཅུས་ཀྲང་ཡ་མ་ཉི་འཚོའི་གནས་ཚུལ་བཀོད་པ།


གསར་གཏོད་དང་ནི་ལས་སྒྲུབ་སྙིང་སྟོབས་ལྷག་པར་ཆེ།། དབུལ་སྐྱོར་དཔའ་མོས་སྔོ་ཚལ་དྲོད་ཁང་སུམ་བརྒྱ་བཙུགས།།

ཡ་མ་ཉི་འཚོས་ཁྱིམ་ཚང་དབུལ་པོའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ།

     བུད་མེད་དབུལ་སྐྱོར་ལས་བྱེད་པ་ཞིག་གི་ངོས་ནས་བརྗོད་ན། དཔལ་འབྱོར་ཉམ་ཐག་པ་དང་ཆ་རྐྱེན་ཞན་པའི་དཀའ་ངལ་ཁྲོད་དུ་དབུལ་སྐྱོར་བྱེད་ཐབས་གསར་གཏོད་དང་ཕྱོགས་མང་པོའི་སྟོབས་ཤུགས་བསྡུ་རུབ་བྱས་ཏེ་མང་འདུས་ཅན་གྱི་དབུལ་སྐྱོར་བྱེད་ཐབས་སྤྱད་པས་གྲུབ་འབྲས་བཟང་པོ་ཐོབ། སྤྱི་ཟླ་བརྒྱད་པའི་ཁམས་ཀྱི་མཐོ་སྒང་གི་སྟོན་ཁ་ནི་དྲོ་གྲང་སྙོམས་ཤིང་། ཁྲི་གདུགས་ཉི་མའི་གསེར་ཞུན་དབྱིག་འཛིན་སྒེག་མོའི་ལུས་སུ་འཐོར་ཞིང་རི་ལུང་ཐམས་ཅད་ས་ལེ་སྦྲམ་གྱིས་ཁུ་བས་ཡོངས་སུ་བྱུགས་པ་དང་མཚུངས། བྲག་མགོ་རྫོང་སིབ་མོ་གྲོང་རྡལ་གྱི་རོང་ཁུལ་དུ་ནས་ཀྱི་སྙེ་མའི་མགོ་བོ་དུད་ཅིང་གསེར་མདངས་བཀྲ་བ་དང་དཀར་སེང་སེང་གི་སྔོ་ཚལ་དྲོད་ཁང300ཡིས་ཕན་ཚུན་འོད་འཕྲོས་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་མིག་ལམ་དུ་མངོན། མིག་མདུན་གྱི་མཛེས་ལྗོངས་ལ་བལྟས་ཏེ་ཡ་མ་ཉི་འཚོའི་མིག་ནང་མཆི་མས་ཁེངས་ཤིང་། མོ་རང་ས་གནས་དེར་བརྩེ་དུང་ཟབ་མོ་ཡོད་ཅིང་། བྲག་མགོ་རྫོང་དབུལ་སྐྱོར་ཐོན་འབྱེད་ཅུས་ཀྱི་ཅུས་ཀྲང་གི་འགན་བཞེས་པའི་ལོ8ཀྱི་རིང་། ཁོ་རང་དབྱར་ཆར་ཆུ་དང་དགུན་གྲང་རླུང་ཁྲོད་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་སོང་སྟེ། མཐར་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་ཞུགས་པའི“དཔའ་མོ”ཞིག་ཏུ་གྱུར།

 ལས་སྒྲུབ་འཁུར་ཆེན་ཞུམ་མེད་ཕྲག་ཏུ་བླངས།

    ངོ་གདོང་ཅུང་ནག་ཅིང་སྐད་ཆ་བཤད་དུས་གདངས་མཐོ་ལ། འགྲོ་དུས་ལྡིར་སྒྲ་དང་བཅས་འགྲོ་མི་དེ་ནི་ཡ་མ་ཉི་འཚོ་ཡིན་ཞིང་། ལས་གྲོགས་ཚོའི་མིག་ནང་གི་མི་འཇོན་པ་གང་ཡང་མེད་པའི“མཛམས་མ”དེ་རེད།

    མ་གཞི་མོ་རང་ནི་རང་གཤིས་འཇམ་མོ་ཞིག་ཡིན་ཡང་། དབུལ་སྐྱོར་ལས་ཀའི་ཁྲོད་དུ་ཞུགས་ཕྱིན་གདོད་མའི་རང་གཤིས་ཀྱང་ངམ་ཤུགས་ཀྱིས་འགྱུར་འགྲོ་བ་སྟེ། གང་རེད་ཅེ་ན། ལས་དོན་གྱི་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བ། མགྱོགས་པོ་མི་སྒྲུབ་རང་སྒྲུབ་དང་འགན་མི་འཁུར་རང་འཁུར་ཡིན་ལ། ཡ་མ་ཉི་འཚོ“མོ་རྒོད”ཅིག་མིན་མོད། འོན་ཀྱང་ངེས་པར་དུ“མཛངས་མ”ཅིག་དང་འདྲ་བར་སྙིང་སྟོབས་བསྐྱེད་དགོས་ཀྱི་ཡོད་པས་སོ།།

    འགན་འཁུར་རྒྱུ་ལ་ཕོ་མོའི་དབྱེ་བ་མེད་ལ་བུ་མོ་རྣམས་བུ་ལས་ཞན་རྒྱུའང་མེད་པའི་སྙིང་སྟོབས་ཀྱིས་མོས་རས་ལྷམ་གྱིས་ལྷམ་རྟིང་མཐོན་པོའི་ཚབ་བྱས་ཏེ་གཞུང་ལས་ཁང་ནས་གཞི་རིམ་དུ་བསྐྱོད། ལས་འགན་ཁུར་མ་ཐག་ཡ་མ་ཉི་འཚོ་ལ་དཀའ་ངལ་འཕྲད་ཅིང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་ཏེ་སྡོད་ཁང་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཆེས་ཁ་ཚ་དགོས་གཏུག་ཏུ་གྱུར། བྲག་མགོ་རྫོང་ལ་གནས་སྤོས་དབུལ་སྐྱོར་བྱེད་པའི་དུད་ཚང411དང་མི་གྲངས1672ཡོད་པ་འདི་དག་གནས་སྤོ་གང་འདྲ་བྱ་དགོས་པ་དང་། སྤོས་རྗེས་སྡོད་ཚུགས་ཐུབ་པ་གང་འདྲ་ཡོང་བ། ཕྱུག་པོ་ཅི་འདྲ་ཆགས་ཐུབ་པ་སོགས་ནི་དབུལ་ཐར་འགག་སྒྲོལ་གྱི་ལམ་བུའི་ཐོག་གི་བཀག་རྡོ་ཆེ་ཤོས་ཡིན།

    ལོ་བཞིའི་ནང་ཕར་བལྟས་ན་འགྲུབ་མི་ཐུབ་པའི་ལས་འགན་བསྒྲུབ་དགོས་ཚེ་མི་མང་པོ་ཞིག་གིས་འདི་ནི་ཡ་མ་ཉི་འཚོའི་ཕམ་ཁ་ཁུར་ས་ཡིན་ཞེས་མནའ་བོར་བ་རེད།

    ཡ་མ་ཉི་འཚོས་གནས་སྤོས་དབུལ་སྐྱོར་རྒྱུན་འཁྱོངས་བྱ་རྒྱུ་དེ་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་དང་པོར་བརྩིས་ཏེ་སྐུལ་འདེད་བཏང་ཞིང་། ཡུལ་དངོས་སུ་གནས་ཚུལ་རྒྱུས་ལོན་དང་། ཡུལ་མི་ཚོའི་བསམ་འཆར་ལ་ཉན་འཇོག ངང་རྒྱུད་རིང་པོས་སྲིད་ཇུས་འགྲེལ་བཤད་བཅས་བྱས་ནས་ཡུལ་མི་རྣམས་གནས་སྤོ་བྱེད་འདོད་པའི་སྐུལ་སློང་བྱས། ཕུགས་ལ་དམིགས་པ་དང་ཁོར་ཡུག་མཛེས་པ། ཐོན་ལས་ཆ་འགྲིག་བཅས་ལ་དམིགས་ནས་བསམ་འཆར་གང་ལེགས་བསྡུ་ལེན་བྱས་ཏེ་འཆར་གཞི་ཞིབ་ཚགས་བཀོད་སྒྲིག་བྱས་ནས་དུས་ཚོད་ཟླ་བ་དྲུག་གི་ནང་སྤུས་ཚད་མཐོ་བའི་གཅིག་སྡུད་བཀོད་སྒྲིག་བྱེད་ཡུལ་དེ་བསྐྲུན་ཐུབ་པ་བྱུང་བ་རེད།

     དེ་ནས་སྔོན་ཆད་མོས་ལས་འགན་ཡག་པོ་འཁུར་ཐུབ་མིན་དང་བྱ་བ་བཟང་པོ་བསྒྲུབ་ཐུབ་མིན་ལ་དོགས་པ་སྐྱེས་མྱོང་བའི་ལས་རོགས་རྣམས་ཀྱིས་ཧ་ལས་པའི་སྒོ་ནས་མཐེ་བོང་བསྒྲེངས་ཏེ་ཅུས་ཀྲང་ཡ་མ་ནི་ང་ཚོའི་དཔའ་མོ་ཡིན་ཞེས་བཤད། ཁོ་ལ་མཐོང་ཆུང་དང་ཁྲེལ་བགད་བྱས་པའི་ཡུལ་མི་ཚོས་ཀྱང་མིའི་ཁོག་པར་མི་མི་འཛུལ་ཞེས་པ་བཞིན་ང་ཚོས་ཁོ་མོ་ལ་དེ་སྔོན་མཐོང་ཆུང་བྱས་ཡོད། བུད་མེད་ཀྱིས་གནམ་ཕྱེད་འདེགས་ཐུབ་ཟེར་སྲོལ་འདུག་ཀྱང་མོས་ད་ནི་གནམ་ཡོངས་འདེགས་སོང་ཞེས་བཤད་དགོས་ཐུག་པ་རེད།

     ཡ་མ་ཉི་འཚོས་ཅུས་ཀྲང་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་འགན་ཆེན་ཕྲག་ཏུ་བླང་དགོས་པ་ཤེས། ཡ་མ་ཉི་འཚོས་ང་རང་གཅིག་ནི་དབུལ་སྐྱོར་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་མཁན་བྱ་རྒྱུ་དང་། གཉིས་ནི་དུད་ཚང་དབུལ་པོའི་སེམས་ཁྲལ་དང་དཀའ་ངལ་སེལ་བའི་གྲོགས་པོ་བློས་ཐུབ་བྱ་རྒྱུ། གསུམ་ནི་དམངས་ཕྱུག་ཐོན་ལས་འཛུགས་སྐྲུན་གྱི་གདོང་མཆོང་པ་བྱ་རྒྱུ་ཡིན་ཟེར། “མི་སྣ་གསུམ”དེ་ཡག་པོར་བྱ་དགོས་ན་ལས་སླ་མོ་ཞིག་ག་ལ་ཡིན།

      མི་ཞིབ་ཚགས་ཅན་ཞིག་ཡིན་ན་ཟླ་བ་འགའ་འགོར་རྗེས་ཡ་མ་ཉི་འཚོ་ཐོག་མའི་དུས་ལས་ཤ་རིད་པར་གྱུར་པ་དེ་ལམ་སང་གོ་ཡོང་། དོན་དངོས་སུ་ཡང་མོ་རང་ཤ་རྒྱ་མ20ལྷག་ཞུས་འདུག དབུལ་སྐྱོར་གྱི་ལས་དོན་ལྕི་ལ་ངལ་གསོ་ཁོམ་ཡང་མེད་པའི་སྒོ་ནས་འབད་འཐབ་བྱ་རྒྱུ་ནི་ཁོའི་རྒྱུན་གཏན་གྱི་འཚོ་བ་ཞིག་ཏུ་ཆགས་ཟིན་ལ། དཀའ་ངལ་དང་འཕྲད་དུས་གདོང་བསུས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་དང་སྒྲིམ་བཞིན་ཡོད་པས། ལུས་པོ་མི་བདེ་བ་དང་ཤ་རིད་པ་ནི་ཁུར་པོ་ལྕི་བ་དང་ལྗིད་རྫོབ་ཆེ་བའི་ལས་ཀའི་མངོན་རྟགས་ཡིན་པ་བསྙོན་དུ་མེད།

     ལོ8ཀྱི་དུས་ཚོད་ནང་ཉིན་མཚན2900ལྷག་བརྗེད་པར་དཀའ་ཞིང་། དེའི་དུས་དགའ་བའི་དགོད་སྒྲ་དང་སྐྱོ་བའི་མིག་ཆུ། མ་ཉེས་ཁ་གཡོགས་ཡོད་ལ། སེམས་འགུལ་ཐེབས་པའི་བྱ་བའང་ཡོད། གང་ལྟར་ཡ་མ་ཉི་འཚོས་དཀའ་བ་བརྒྱ་དང་ངལ་བ་སྟོང་ལ་མ་འཛེམས་ནས་དབུལ་སྐྱོར་མེ་ཏོག་གི་དྲི་བསུང་གང་སར་འཐུལ་དུ་བཅུག

    མང་འདུས་ཐབས་ལ་བརྟེན་ནས་སྔོ་ཚལ་དྲོད་ཁང་བསྐྲུན།

    དབུལ་ཕོངས་གྲོང་ཚོ88དང་དུད་ཚང2364ཡི་མི10019བཅས་ཡོད་ཅིང་། དབུལ་ཕོངས་གྱུར་ཚད་བརྒྱ་ཆ24ཡིན་པ་དེ་ནི་བྲག་མགོ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་ཛ་དྲག་གནས་བབ་ཡིནལ་དེ་ཡང་ནོར་སྲིད་ཀྱི་རྨང་གཞི་ཞན་པ་དང་དབུལ་སྐྱོར་མ་དངུལ་ཉུང་བ། དབུལ་སྐྱོར་ནུས་ཤུགས་ཞན་པ་བཅས་ཛ་དྲག་གི་དངོས་ཡོད་གནས་ཚུལ་ལ་འཕྲད་ཡོད།

    ལམ་བུ་ཁྱད་པར་ཅན་དང་བྱེད་ཐབས་ཁྱད་པར་ཅན་མ་སྤྱད་ཚེ་དུས་བཀག་ལྟར་སྤུས་ཚད་མཐོ་བའི་དབུལ་སྒྲོལ་བྱ་མི་ཐུབ་ཅིང་། མགོ་བོ་བསྒུར་ནས་ལས་ལ་བརྩོན་དགོས་པར་མ་ཟད། མགོ་བོ་བཀྱགས་ནས་ལམ་ལ་དེ་བས་བལྟ་དགོས། ཡ་མ་ཉི་འཚོས་དབུལ་སྐྱོར་བྱེད་སྟངས་གསར་གཏོད་བྱས་ཏེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་འོག་ཐོན་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ཞིག་བཞག

    “གཞན་བརྟེན”ནས“རང་བརྟེན”དུ་གྱུར་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་འགག་གནད་དམ་འཛིན་བྱས་ན་གཞི་ནས་དབུལ་ཐར་ཡོང་ཐུབ། རླངས་འཁོར་ཆེན་པོས་འདྲེན་ན་འཁུར་རྒྱུ་མེད་ལ། སླེལ་པོས་ཁུར་ན་ཁུར་མི་ལྕོགས་པ་ནི་བྲག་མགོའི་ཐོན་ལས་ཀྱི་གནས་བབ་རེད། ངེས་པར་དུ་དེ་སྔའི་ཁེར་ལས་བྱེད་སྟངས་བསྒྱུར་ཏེ་མཛུ་གུ་ལྔ་པོ་ཁུ་ཚུར་གཅིག་ཏུ་བྱས་ནས་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ན་གཞི་ནས་ཕན་འབྲས་ཆེན་པོ་ཐོན་ཐུབ།

    ཡ་མ་ཉི་འཚོ་ཡིས་ཡུག་ཤོག་ཆེན་པོ་བཞིའི་ཐོན་ལས་ཀྱི་ནུས་པ་དབྱེ་འབྱེད་དང་དེ་བཞིན་ཐོན་ལས་ཆེན་པོ་དང་ཐོན་ལས་ཆུང་ངུ་ཟུང་དུ་འབྲེལ་བའི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་ལ་ཐབས་འདོན་ཇུས་འབུལ་བྱས་པ་དང་། ཏང་ཀྲི་པུའུ་དང་ཆེད་ལས་མཉམ་ལས་ཁང་། ཐུན་མོང་དཔལ་འབྱོར། ཞིང་དུད་དབུལ་པོ་བཅས་ཟུང་སྦྲེལ4ཡི་ཐོག་ས་ཁོངས་བརྒལ་བའི་བྱེད་ཐབས་འཕེལ་རྒྱས་བཏང་སྟེ“ས་ཁོངས་བརྒལ་བའི”ཐོན་ལས་གླིང་ཁུལ་བཙུགས་པ་རེད།

    རླུང་ཆེན་པོའི་ཤུགས་ལ་བརྟེན་ན། སྤྲིན་དཀར་པོ་དགུང་སྔོན་བསྐྱལ་ཡོང་། “མང་འདུས”བྱེད་སྟངས་ལག་བསྟར་བྱས་ཤིང་། ཐོན་ལས་དབུལ་སྐྱོར་ཐེབས་རྩ་དང་ཁ་གཏད་རོགས་སྐྲུན་སོགས་ཀྱི་མ་དངུལ་སྒོར་དུང་ཕྱུར1.1བསྡུ་སྒྲིལ་ནུས་ལྡན་བྱས་ཏེ“དམངས་ཡོངས་ལ་ཕན་པ་ཐོབ་པ་དང་ཁེ་སྤོགས་མཉམ་སྤྱོད། དུད་ཚང་དབུལ་པོར་ལྟ་རྟོག་བྱེད་པ། ཁེ་ལས་ཀྱིས་ཁེ་གྱོང་རང་ཁུར་བྱེད་པ”བཅས་ཀྱི་རྩ་དོན་ལྟར། དཀར་མཛེས་ཁུལ་ཧྲན་ཧོང་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་བྱས་ཏེ“ས་ཞིང་གཅིག་སྡུད་དང་གྲོང་ཚོ་ཁག་ས་ཁོངས་བརྒལ་བ། སྣེ་འདྲེན་ཁེ་ལས་ཀྱིས་གཉོར་སྐྱོང་བྱེད་པ། མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོ་བ”བཅས་ཀྱི་མཉམ་ལས་བྱེད་སྟངས་ལ་གཞིགས་ནས“ས་ཁོངས་བརྒལ་བའི”་ཐོན་ལས་གླིང་ཁུལ་གཙོ་གནད་བྱས་ནས་བསྐྲུན། ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་། མ་དངུལ་རྐང་དངུལ་དུ་བསྒྱུར་པ། ཞིང་པ་མ་རྐང་ཉོ་མཁན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། ཐོན་སྐྱེད་ཞིབ་ཕྲའི་ཁྲོད་དུ་ཁེ་ལས་ཀྱིས་དྲོད་ཁང་ཆེན་མོ་འཛུགས་སྐྲུན་བྱས་ཤིང་། གྲོང་ཚོ་དབུལ་པོའི་མཉམ་ལས་ཁང་གིས་དྲོད་ཁང་ཆེན་མོའི་རྒྱུ་ནོར་གྱིས་མ་རྐང་ནང་ཞུགས་པ་དང་འབྲེལ་དོ་དམ་ནང་ཞུགས་པ་དང་། ཞོན་ཧྲུལ་ཡོན་སྤྱི་གཉེར་ཁང་གིས་ལག་རྩལ་དང་དོ་དམ་སོགས་མ་དངུལ་བཏང་ནས་ལོ20ནས་ལོ30བར་མ་རྐང་ནང་ཞུགས་པའི་བྱེད་ཐབས་སྤྱད་ནས “ས་ཁོངས་བརྒལ་བའི་”ཐོན་ལས་གླིང་ཁུལ་གཅིག་སྡུད་ཐོག་བསྐྲུན་ཡོད།

     2016ལོར། “ས་ཁོངས་བརྒལ་བའི”ཐོན་ལས་གླིང་ཁུལ་དེ་སིབ་མོ་གྲོང་རྡལ་སྐྱིད་རོང་གྲོང་ཚོར་བཙུགས་པ་དང་ད་ཆ་སྔོ་ཚལ་དྲོད་ཁང300ཡོད་ཅིང་། ལོ་ལྟར་དྲོད་ཁང་རེར་སྒོར་ཁྲི3བཏང་ནས་གྲོང་ཚོ་ཁག་གི་མཉམ་ལས་ཁང་ལ་ཁེ་སྤོགས་བགོ་བཤའ་བརྒྱབ་པ་རེད། གྲོང་ཚོ་ཁག་གིས་མ་རྐང་བཟུང་ཚད་ཀྱི་བསྡུར་ཚད་ལྟར་འཐེན་འཇོག་བྱས་པའི་ཁེ་འབབ་ཁག་ཅིག་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ལ་བརྩིས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཐད་སྤྱད་ཡོད། ལྷག་མ་རྣམས་ཞིང་དུད་དབུལ་ཕོངས་མི་རེར་རྐང2རེ་དང་དབུལ་ཕོངས་མིན་པའི་ཞིང་དུད་མི་རེར་རྐང1རེ་བཟུང་བའི་བསྡུར་ཚད་ལྟར་ཡུལ་མིར་མ་རྐང་ལྟར་ཁེ་སྤོགས་བགོ་བ་དང་། ཡུལ་མི་དབུལ་པོ་ཐོན་ལས་གླིང་དུ་བསྐྱོད་དེ“སྒོ་རྩར”ལས་ཀ་བྱེད་ཐུབ་པ་བྱུང་ཡོད།

    2019ལོའི་ལོ་མཇུག་བར་དུ། “ས་ཁོངས་བརྒལ་བའི”ཐོན་ལས་གླིང་ཁུལ་གྱིས་རྫོང་ཡོངས་ཀྱི་གྲོང་ཚོ་དབུལ་པོ88དང་གྲོང་ཚོ་དབུལ་པོ་མིན་པའི་ཐུན་མོང་དཔལ་འབྱོར83ལ་ཆ་སྙོམས་ཁེ་སྤོགས་བགོ་བཤའ་སྒོར་ཁྲི900བརྒྱབ་ནས་ས་ཞིང་བརྒྱུད་བཤུག་བྱས་པར་ལོར་འབབ་འཕར་སྒོར་ཁྲི115བྱུང་ཡོད། ངལ་རྩོལ་ལས་ཞུགས200ལྷག་ཙམ་གནས་སྤོ་བྱས་ཤིང་། ས་གནས་དེ་གའི་དུད་ཚང2389ཡི་མི་འབོར་དབུལ་པོ9879ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས2019ལོའི་གོང་དུ་རྫོང་དེའི་གྲོང་ཚོ་དབུལ་པོ88སྤུས་ཚད་མཐོ་བའི་ངང་དབུལ་ཞྭ་ཕུད་ཐུབ་ཡོད།

    ཡ་མ་ཉི་འཚོར་གསར་གཏོད་ཀྱི་ལམ་བུ་ད་དུང་ཧ་ཅང་མང་པོ་ཡོད་ཅིང་། “སློབ་གྲྭ་དང་ཁེ་ལས་མཉམ་ལས”དང“སློབ་གྲྭ་དང་ས་གནས་མཉམ་ལས”སོགས་སློབ་གཉེར་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས་བྲག་མགོ་ཐང་གའི་སྒྱུ་རྩལ་དངོས་སྦྱོང་རྟེན་གཞི་བསྐྲུན། ཉི་པ་ཡུལ་ཤོག་གི་ནས་ནག་དང་ཤ་མོ་ནག་པོ་སོགས“ཉི་ཆུའི”ཟོང་རྟགས་བསྐྲུན། གཙང་སྟོད་ཡུལ་ཤོག་གི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དུས་བབ་དང་བསྟུན་ནས་རྩྭ་ཐང་འབྲོག་ལས་སྣོད་བཅུད་སྤྲོ་གསེང་གྲོང་ཚོ་བསྐྲུན་ཡོད། གྲོང་ཚོ་ཁག་གི་ཐུན་མོང་དཔལ་འབྱོར་ཐད་ཀྱི་དཀའ་ངལ་དེ་རིམ་བཞིན་བསལ་ནས་མང་ཚོགས་དབུལ་ཐར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་མཉམ་དུ་ཁོང་གིས་ད་དུང་བྲག་མགོ་རྫོང་གྲོང་གསར་གྱི་དབུལ་སྐྱོར་ཁ་གསབ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་སོགས“7+3”གྱི་སྲིད་ཇུས་འདོན་པར་གཞོགས་འདེགས་བྱས་ནས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བ་བྱས་ཡོད།

    ཡ་མ་ཉི་འཚོ་ཡིས་ང་ནི་དབུལ་སྐྱོར་ལས་བྱེད་པ་དཀྱུས་མ་ཞིག་ཡིན། ང་གནས་འདི་ལ་དགའ་ཞེན་ཆེན་པོ་ཡོད་ལ། ཕ་ཡུལ་བྲག་མགོ་ཇེ་མཛེས་དང་མི་རྣམས་ཀྱི་འཚོ་བ་ཇེ་སྐྱིད་ཡོང་བའི་ཆེད་ངས་མུ་མཐུད་དེ་ཧུར་བརྩོན་ཆེན་པོ་བྱེད་འདོད་ཡོད་ཅེས་བཤད་པ་རེད།།  

  • ལེ་ཚན་སྔོན་མ།:སྡེ་དགེ་ཨ་ཕྱུག་ཏུ་གེ་སར་རིག་མཛོད་དཔེ་ཀློག་ཁང་གསར་དུ་བཙུགས།
  • ལེ་ཚན་རྗེས་མ།:དུས་རབས་གསར་པའི་བོད་སྐྱོང་མཛད་ཇུས་སྐོར་གྱི་དྲིས་ལན་བཅོ་བརྒྱད་མ།
  • དོ་སྣང་ཆེ་བའི་རྩོམ།