སྤྱི་འབངས་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བཟའ་བཅའ་ འཕྲོ་བརླག་མི་གཏོང་བའི་འདུ་ཤེས་བཅང་དགོས།

སྐལ་བཟང་ཐུབ་བསྟན་གྱིས་བྲིས།        2020-10-12

སྤྱི་འབངས་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བཟའ་བཅའ་ འཕྲོ་བརླག་མི་གཏོང་བའི་འདུ་ཤེས་བཅང་དགོས།
ལི་ཐང་རྫོང་གི་དགེ་སློབ་ཚོས་སྡེར་གཙང་བྱ་སྤྱོད་ཧུར་ཐག་སྤེལ།

ཀྲུང་གོ་ཚན་རིག་གླིང་གིས་སྤྱི་ལོ2013ནས2015བར་ཀྲུང་གོའི་ཟས་རིགས་འཕྲོ་བརླག་སྐོར་ལ་བརྟག་ཞིབ་བྱས་ནས་ཐོབ་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཀྲུང་གོའི་ཟས་རིགས་འཕྲོ་བརླག་བྱེད་ཚད་ལོ་རེར་ཧ་ལམ་ཏུན་ཁྲི1700ནས1800བར་ཡིན་ཞིང་། དེས་མི་བྱེ་བ3ནས་ལྔ་བར་གྱི་ལོ་གཅིག་གི་ཟས་འདང་གི་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་འཕྲོ་བརླག་གི་སྣང་ཚུལ་དེ་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་དང་སེམས་ན་འོས་པ་ཞིག་རེད་ཅེས་གསུངས་པ་དེའི་ཐོག་ནས་ད་ཆ་ཀྲུང་གོའི་ཟས་རིགས་འཕྲོ་བརླག་གི་གནས་ཚུལ་དེ་སྔོན་ལོ་ལྔ་ལས་ཇེ་སྡུག་དང་ཇེ་ངན་དུ་སོང་ཡོད་པ་ཤུགས་སུ་རྟོགས་ཐུབ། ཀྲུང་ཧྭ་མི་རིགས་ལ་གནའ་ནས་བཟུང་། འབྲུ་རྡོག་རེ་རེའི་རྔུལ་ཆུར་སོམས།། འབྲུ་ལ་མི་གཅེས་རང་འགྱོད་ཆེ།། ཞེས་པ་དང་། འབྲུ་གསོག་གསེར་དང་ཁྱད་པར་མེད།། འབྲུ་ཡོད་སེམས་ཁྲལ་བྱེད་མི་དགོས།། ཞེས་པ་དང་། གོས་ལ་གཅེས་ན་གྱོན་རྒྱུ་ཡོད།། འབྲུ་ལ་གཅེས་ན་བཟའ་རྒྱུ་ཡོད།། ཅེས་པ་དང་། ཚེ་སྲོག་རྩ་ཆེན་ཡིན་མོད་ཀྱང་།། འབྲུ་ཡི་རིན་གོང་དེ་བས་ཆེ།། ཞེས་པ་ལ་སོགས་པ་འབྲུ་རིགས་ལ་གཅེས་སྤྲས་དང་བསྲི་ཚགས་བྱ་དགོས་པའི་གཏམ་དཔེ་དང་ལེགས་བཤད་ཤིན་ཏུ་མང་པོ་ཡོད། དེ་བཞིན་ཏང་དང་རྒྱལ་ཁབ་ཀྱིས་ཀྱང་ལོ་རེ་བཞིན་ཧུར་བརྩོན་གྲོན་ཆུང་གི་ཀྲུང་ཧྭའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏང་དགོས་པའི་འབོད་སྐུལ་བྱས་ཤིང་གཏན་འབེབས་བརྒྱད་སོགས་སྒྲིག་སྲོལ་རབ་དང་རིམ་པ་བཏོན་པ་དང་། སྡེར་གཙང་བྱ་སྤྱོད་སོགས་རྒྱ་ཁྱབ་ཏུ་སྤེལ་བར་བརྟེན། བཟའ་བཏུང་འཕྲོ་བརླག་གི་སྣང་ཚུལ་སྤྱི་ཁོག་གི་ཆ་ནས་ལེགས་བཅོས་ཐུབ་ཡོད་ལ། ལྷག་པར་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་གཞུང་དངུལ་སྤྱད་དེ་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་བཀག་སྡོམ་ཡག་པོ་ཐུབ་ཡོད། རེད་དེ། དེང་སང་དཔལ་འབྱོར་ཡར་རྒྱས་སུ་ཕྱིན་པ་དང་དུས་ཡུན་རིང་པོ་ཞིག་ལ་མུ་གེའི་དུས་བྱུང་མེད་ཅིང་། ལྷག་པར་སྤྱི་ཚོགས་གསར་པར་སྐྱེས་པའི་ལོ་ཆུང་ཚོས་ལྟོགས་ཟེར་བ་རྣ་ཐོས་ཙམ་ལས་ཉམས་སུ་མྱོང་མེད་པ་དང་། ས་གནས་ཁག་ལ་ད་དུང་གོང་ལ་སྲིད་ཇུས་ཡོད་ན་འོག་ལ་ཁ་གཏད་འཇལ་ཐབས་ཡོད་པའི་བྱ་སྤྱོད་ལྐོག་ཏུ་སྤེལ་མཚམས་མི་འཇོག་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་འཛེམ་མེད་དོགས་མེད་དམ་གོ་མེད་ཚོར་མེད་ཀྱི་ངང་ལ་བཟའ་བཏུང་འབོར་ཆེན་འཕྲོ་བརླག་ཤོར་དང་འཆོར་བཞིན་ཡོད། ད་ལྟ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངོ་མས་འབྲུ་རིགས་བསྲི་ཚགས་ཀྱི་གོམས་གཤིས་ལོབ་ཏུ་བཅུག་ནས་སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་གཏོང་བ་ནི་ངོ་ཚ་ཡིན་པ་དང་བསྲི་ཚགས་བྱེད་པ་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་ཧུར་ཐག་བསྐྲུན་དགོས་པའི་ནན་གསུང་གནང་བ་ནི་རང་རྒྱལ་ལམ་འཛམ་གླིང་ཡོངས་ལ་མཚོན་ན་དུས་ཐོག་གི་ཆར་པ་ལྟ་བུ་རེད་འདུག་ལ། འགྲོ་བ་མི་གཙོས་པའི་སེམས་ཅན་ཡོངས་ཀྱི་ཕུགས་ཀྱི་བདེ་རྩར་ཕན་པའི་དགེ་རྩ་བླ་ན་མེད་པ་ཞིག་ཀྱང་ཡིན་པ་རེད།

འོ་ན་ང་ཚོས་བཟའ་བཏུང་འཕྲོ་བརླག་མི་འགྲོ་བ་ཅི་འདྲ་བྱ་དགོས་ཞེ་ན། དང་པོ་ནི་ཁྲིམས་འཛུགས་སྔོན་ལ་བྱས་ནས་ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ་ནི་ཆེས་གལ་ཆེན་ནང་གི་འགངས་ཆེན་ཡིན། གང་རེད་ཟེར་ན། བསམ་པའི་འདུ་ཤེས་ཤིག་བསྒྱུར་བཀོད་བྱ་དགོས་ན་དེ་མ་ཐག་འགྲུབ་ཐུབ་པ་ཞིག་མིན་ལ་བརྒྱུད་རིམ་གང་འཚམ་ཞིག་ངེས་པར་དུ་དགོས་ཤིང་། སྲོལ་རྒྱུན་བཟང་པོ་དང་ཀུན་སྤྱོད་བཟང་པོས་བསྒྱུར་བཀོད་ཐུབ་ན་ཡུན་ཕན་རང་བཞིན་ཆེ་མོད། འོན་ཀྱང་དུས་ཡུན་རིང་པོ་ཞིག་དགོས་པས་འཕྲལ་དུ་ཕན་དཀའ་བར་སྣང་། དེང་གི་སྤྱི་ཚོགས་འདིར་བྱ་བ་ཐམས་ཅད་ཁྲིམས་སྲོལ་གྱི་ཁོངས་སུ་ཚུད་ཐུབ་ན་ལག་ལེན་བསྟར་སླ་བ་ནི་མིག་མཐོང་ལག་ཟིན་དུ་གྱུར་པའི་གནས་ཚུལ་ཞིག་ཡིན་ལ་ཁྲིམས་ལ་རྔམ་ཟིལ་ཞིག་ངམ་ཤུགས་སུ་གནས་པས་འབྲུ་རིགས་བསྲི་ཚགས་དང་བཟའ་བཏུང་འཕྲོ་བརླག་མི་གཏོང་བ་ཡང་དང་པོར་ཁྲིམས་ཀྱི་ནུས་པ་ལ་བརྟེན་པ་དང་དེ་ནས་རིམ་བཞིན་གོམས་གཤིས་བཟང་པོར་ཆགས་སུ་འཇུག་དགོས། དེ་བས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་དེའི་སྐོར་གྱི་ཁྲིམས་འཛུགས་བྱེད་ཤུགས་དང་མྱུར་ཤུགས་ཆེ་རུ་གཏང་དགོས། རིམ་ཁག་དང་སྡེ་ཁག་གིས་སྐུལ་ཁྲིད་བྱེད་ཤུགས་དང་དྲིལ་བསྒྲགས་བྱེད་ཤུགས། ལག་ལེན་བསྟར་ཤུགས་བཅས་ཆེ་རུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་བཟའ་བཅའ་འཕྲོ་བརླག་གཏོང་བ་གཏན་འགོག་བྱེད་པའི་ལས་དོན་ལྷོད་གཡེང་སྤུ་ཙམ་ཡང་བྱ་རྒྱུ་མེད། གཉིས་པ་ནི་སྤྱི་སྒེར་གང་ཡང་རུང་བའི་བཟའ་བཏུང་ལས་རིགས་གཉེར་མཁན་ཞིག་ཡིན་ཕྱིན་ཐབས་བརྒྱ་ཇུས་སྟོང་གིས་བཟའ་བཏུང་འཕྲོ་བརླག་མི་འགྲོ་བའི་ཟས་རིགས་བཟོ་ཐབས་གསར་སྐྲུན་བྱ་རྒྱུ་ནི་འགག་གནད་ནང་གི་ཡང་གནད་རེད། འཛད་སྤྱོད་པའི་ཚོགས་པ་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས་ཟ་མ་ཞིམ་པོ་ཡིན་པ་དང་། ཉུང་ཉུང་ཡིན་པ། སྣ་ཁ་མང་བ། གཙང་མ་ཡིན་པ། འཚོ་བཅུད་ཡོད་པ། རིན་གོང་རན་པ་བཅས་ཀྱི་ཕྱོགས་ནས་འབད་བརྩོན་ཧུར་ཐག་བྱ་དགོས། འཛད་སྤྱོད་པའི་དགའ་ཕྱོགས་དང་མོས་ཕྱོགས་དང་བསྟུན་ནས་རྒན་གཞོན་བྱིས་གསུམ་གྱི་ཁམས་ལ་འཕྲོད་པའི་ཟས་སྣ་བཟོ་དགོས། དཔེར་ན་མི་གཅིག་ལ་རན་པའི་གདུ་ཚོད་སྣ་མང་དང་། ནམ་རྒྱུན་ཚོད་མ་སྡེར་ཆེན་གང་དེ་སྡེར་ཆུང་གཉིས་སམ་གསུམ་དུ་བགོས་ཆོག་པ་དང་། མི་ལ་བསྟུན་ནས་ཟས་འབོད་དུ་བཅུག་པ། ནམ་རྒྱུན་འཕྲོ་བརླག་ཆེས་ཚབས་ཆེན་གྱི་གནས་སུ་གྱུར་པའི་ཟ་ཁང་ཆེ་གྲས་ཀྱི་ཐབ་ཚང་ལ་བཅོས་སྒྲིག་དོན་ལ་གནས་པ་བྱེད་པ་དང་། སྡེར་གཙང་བྱ་སྤྱོད་ཧུར་ཐག་སྤེལ་མཁན་ལ་བྱ་དགའ་སྤྲད་པ་དང་ཟས་ལྷག་ཚབས་ཆེན་ལུས་པར་ཆད་གཅོད་བྱེད་པ་སོགས་སོ།། གསུམ་པ་ནི་ཟ་མཁན་འཛད་སྤྱོད་པ་ཚོས་ཁྱིམ་དུ་ཟ་མ་བཟོ་དུས་ཀྱང་འདང་ཙམ་ལས་ཟས་ལྷག་མི་ལུས་པ་བྱེད་གང་ཐུབ་དང་། ཁྱིམ་བདག་ཚོས་ཟས་ཐུན་རེའི་སྐབས་སུ་ཡང་ཕྲུ་གུ་ཚོར་ཁ་བཤད་མིག་སྟོན་བྱ་རྒྱུ་དང་། ཕྱི་རོལ་ཏུ་ཟ་མ་ཟ་དུས་ཀྱང་ཟས་འདང་ཚོད་ཙམ་འབོད་པ་དང་། ཟས་སྡེར་གཙང་མ་བཟོ་གང་ཐུབ་དང་། མ་ཐུབ་ནས་ཟས་ལྷག་འཁུར་རུང་བ་ཡོད་ན་ངེས་པར་དུ་འཁུར་འགྲོ་དགོས་པའི་གོམས་གཤིས་ལོབ་ཏུ་འཇུག་པ་སོགས་བྱས་ཏེ་ཆུང་དུས་ནས་ཕྲུ་གུ་ཚོར་བསྲི་ཚགས་ཀྱི་གོམས་གཤིས་ཆགས་སུ་བཅུག་དགོས། དེང་སང་ཁ་མགོ་རྣའི་ཆེད་དུ་སྣང་ཚོར་མེད་པར་བཟའ་བཅའ་འཕྲོ་བརླག་བཏང་དང་གཏོང་བཞིན་ཡོད་པའི་དཔུང་སྡེ་ཆེ་ཤོས་ནི་ན་གཞོན་དང་དར་མ་ཚོའི་རིགས་ཡིན་པ་དངོས་ཡོད་འཚོ་བས་མིག་མཐོང་ལག་ཟིན་རེད། དེ་བས་ན་གཞོན་དང་དར་མ་ཚོས་མགྲོན་འབོད་ཀྱི་གསོལ་སྟོན་བཤམ་དུས་སུ། མི་ལ་བསྟུན་ནས་ཟས་མ་འབོད་པར་ཟས་ཅོག་ཏུ་ཚལ་སྣ་ཇི་ཙམ་མང་ན་དེ་ཙམ་ངོ་སོ་ཆེ་བ་ཡིན་པའི་སྲོལ་རྒྱུན་གྱི་བག་ཆགས་ངན་པ་འདི་དུག་ལྟར་བརྩིས་ནས་རྩད་ནས་འདོར་དགོས།

མདོར་ན། སྤྱི་ཚོགས་ཡོངས་སུ་གྲོན་ཆུང་བསྲི་ཆགས་བྱས་ན་གཟི་བརྗིད་ཡིན་པ་དང་། ཆུད་ཟོས་འཕྲོ་བརླག་བཏང་ན་ངོ་ཚ་ཡིན་པ། བསྲི་ཚགས་ཀྱི་གོམས་གཤིས་བཟང་པོ་ཆགས་ཐུབ་མིན་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་ཀྱི་བདེ་རྩ་དང་འབྲེལ་བ་དམ་ཟབ་ཡོད་པའི་འདུ་ཤེས་ཀྱིས་ཀུན་ནས་ཕྱུག་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་སུ་འཇུག་དགོས་སོ།།

  • ལེ་ཚན་སྔོན་མ།:ཡུལ་སྐོར་བ་ཉེན་མེད་བདེ་བླག་ངང་ ཕྱིར་ལོག་པར་འགན་ལེན་བྱ་དགོས།
  • ལེ་ཚན་རྗེས་མ།:ཁུལ་དབུལ་ཐར་འགག་སྒྲོལ་མགོ་ཁྲིད་ཚོ་ཆུང་གི2020ལོའི་ཚོགས་འདུ་ཐེངས་ལྔ་པ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།