སི་ཁྲོན་འདབ་པའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ལས་དཔལ་འབྱོར་ཡོང་འབབ་འཕར་བ།

    མི་དམངས་དྲ་བ།    2020-09-29

    འདབ་པ་རྫོང་ལ་ད་ལྟ་མུའུ་ཁྲི་5ཡི་སྦྱར་པའི་ནགས་ཚལ་ཡོད། དེ་དག་གིས་མཐོ་གྲང་གི་གནམ་གཤིས་བཟོད་ཐུབ་པ་དང་སྐྱེ་སྟོབས་ལྡན་པར་བརྟེན་དུས་རབས་20པའི་ལོ་རབས་80པ་ནས་བཟུང་ས་གནས་དེ་གར་རྒྱ་ཁྱབ་ངང་འདེབས་འཛུགས་བྱས་ཏེ་རླུང་འགོག་བྱེ་བཅོས་ཐད་སྤྱད་ཡོད། ལོ་བཅུ་ཕྲག་ཁ་ཤས་ཀྱི་ཉམས་མྱོང་གསོག་འཇོག་བྱས་པ་བརྒྱུད། ད་ཆ་མཐོ་ཞིང་རིང་བའི་སྦྱར་པ་འདི་དག་སྟོན་མཇུག་ལ་སླེབས་སྐབས་ལྗང་མདོག་གི་ལོ་མ་ཚོན་ལྡན་ལོ་མར་གྱུར་བ་དང་ནགས་ཚལ་ཡང་ཚོན་ལྡན་ནགས་ཚལ་དུ་གྱུར་ནས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྲུབ་སྟེ་ཡུལ་སྐོར་བ་མང་པོ་དེ་གར་ཡོང་རྒྱུའི་ཡིད་དབང་བཀུག་པས། སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་གཉིས་ཕན་ཚུན་སྐུལ་སྤེལ་ཐུབ་ཡོད།
     “ང་ཚོ་འདབ་པ་བས་ལོ་30ལྷག་ཙམ་སྦྱར་པ་བཏབ་པས་གཞི་ནས་ཕ་ཡུལ་སྐྱེད་ཚལ་ལྟ་བུའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད”ཅེས་འདབ་པ་རྫོང་གི་རྫོང་དཔོན་གཞོན་པ་སྲི་ཐར་གྱིས་གསར་འགོད་པར་བརྗོད་ཅིང་། ཁོང་གིས། ལོ་བཅུ་ཕྲག་ཁ་ཤས་གོང་དུ་ཤོད་སྲོལ་ཞིག་ཡོད་པ་སྟེ། འདབ་པའི་སྒོ་ཕྱིར་ལངས་ནས་སྡོད་ཐུབ་ཀྱི་མེད། གང་ཡིན་ཞེ་ན། འདབ་པའི་སྣོད་བཅུད་ཁོར་ཡུག་ཡག་པོ་མེད་པ་དང་། གནམ་གཤིས་སྐམ་ཤས་ཆེ་བ། ས་ཞིང་བྱེ་ཐང་དུ་གྱུར་ནས་ལྷགས་པ་རྒྱག་ཐེངས་ཤིག་ལ་མི་སུ་ཡང་བཟོད་ཐུབ་ཀྱི་མེད་ཅེས་བཤད།
     2016ལོར། དགའ་ཐང་གྲོང་རྡལ་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་མ་དངུལ་བསྡུ་སྒྲིལ་བྱས་ཏེ་བྱེ་འགྱུར་རྩྭ་ཐང་ཐོག་སྐལ་བཟང་མེ་ཏོག་གཞི་ཁྱོན་ཆེན་པོས་བཏབ་པས་མུའུ་1599ཡི་བྱེ་འགྱུར་རྩྭ་ཐང་དེ་མེ་ཏོག་གི་རྒྱ་མཚོ་ལྟ་བུར་གྱུར་པ་རེད།
     སེ་ར་མེ་ཏོག་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་བརྟེན་ནས་དགའ་ཐང་གྲོང་རྡལ་སེ་ར་ཡུག་ཁུལ་གྱི་ཕྱིར་ཚོང་ཁྲོམ་བཀྱག་ལ་ལོ་ལྟར་འབབ་འཕར་སྒོར་ཁྲི་10ཙམ་བྱུང་བ་དང་དེའི་ཐོག་ས་གནས་དེ་གའི་འབྲོག་པས་ཡུལ་སྐོར་བར་རྟ་འཁྲིད་པ་དང་ཡུལ་སྐོར་སྣེ་ཤན་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་ལོ་རེར་འབབ་འཕར་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད། མུའུ་སྟོང་གི་བྱེ་འགྱུར་རྩྭ་ཐང་མེ་ཏོག་གི་རྒྱ་མཚོ་ལྟ་བུར་གྱུར་པ་དང་སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་གྱིས་ས་གནས་དེ་གའི་ཡུལ་མིར་ཡོང་འབབ་དངོས་བྱུང་ཡོད།
     སེམས་ཀྱི་ཉི་ཟླ་གྲོང་རྡལ་རིང་གྲོང་ཚོ་ནི་འདབ་པ་རྫོང་གི་ཆེས་དབུལ་པོའི་གྲོང་ཚོའི་གྲས་ཤིག་ཡིན། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དོན་གྲུབ་བསམ་གཏན་གྱིས་གསར་འགོད་པར་། སྔོན་ཆད་ས་གནས་དེ་གའི་འགྲིམ་འགྲུལ་སྟབས་བདེ་པོ་མེད་པས་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད་ལུགས་སྐོར་བཤད་བྱུང་།
     མཛེས་སྡུག་ལྡན་པའི་སྣོད་བཅུད་ལས་དཔལ་འབྱོར་གྱི་ཡོང་འབབ་འཕར་ཞིང་། མིག་སྔར་སྡོད་ཁང་བོགས་མར་གཏོང་རྒྱུ་དེ་ས་གནས་དེ་གའི་གྲོང་མིའི་ཡོང་སྒོ་གཙོ་བོར་གྱུར་པ་དང་དབུལ་ཕོངས་ཀྱི་རིང་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ནས་འདབ་པའི་གྲོང་ཚོ་ཕྱུག་ཤོས་ཀྱི་གྲས་སུ་གྱུར་ཡོད།
     “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པ”དེ་མིག་མདུན་གྱི་ས་མཐོའི་གྲོང་ཁྱེར་ཆུང་ངུ་དེའི་འཕོ་འགྱུར་ལས་མཚོན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གི་འཇའ་བ་གྲོང་རྡལ་དུ་འཕྲུལ་འཁོར་གྱིས་ནས་བརྔས་ཏེ་ཞིང་པ་རྣམས་ཞིང་ནང་ནས་བཅིངས་འགྲོལ་བཏང་བ།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་དུས་ཆེན་གཉིས་འཆར་ཉེར་ཐུགས་རེ་འདི་འདྲ་གནང་།
  • དོ་སྣང་ཆེ་བའི་རྩོམ།