རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཆེན་པོ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཆེན་པོ་བཏང་།

ལྷ་འཛོམས་ཀྱིས་བསྒྱུར།        2020-09-28

“ངའི་རྐང་པར་སྐྱོན་ཡོད་པར་མ་ཟད། ད་དུང་བུ་མོ་གཉིས་གསོ་དགོས། རིག་གནས་དང་ཡུལ་སྐོར་གྱི་དབུལ་སྐྱོར་འཁོར་ཁང་གི་བཟོ་ཁང་དུ་ལས་ཀ་བྱས་རྗེས་ཉིན་རེར་སྒོར80ནས100བར་རག་གི་ཡོད། དེ་ནས་ཟླ་གཅིག་ལ་ཕལ་ཆེར་གླ་དངུལ་སྒོར3000གྱི་ཡོང་འབབ་ཡོད། ”ཅེས་པའི་སྐད་ཆ་འདི་ནི་སྤྱི་ཟླ9པའི་ཚེས21ཉིན་ལ་སྡེ་དགེ་རྫོང་ཕུ་མ་ཡུལ་ཤོག་རྩེག་ཐང་གྲོང་ཚོའི་གྲོང་མི་བཀྲ་ཤིས་མཚོས་གསར་འགོད་པར་བཤད་པའི་སྐད་ཆ་ཞིག་རེད། ད་མོ་རང་ལ་ཡོང་འབབ་བརྟན་པོར་ཡོད་པས་མྱུར་དུ་དབུལ་ཕོངས་ལས་ཐར་བ་རེད།

བཀྲ་ཤིས་མཚོས་བཤད་པའི་རིག་གནས་ཡུལ་སྐོར་གྱི་དབུལ་སྐྱོར་འཁོར་ཁང་དེ་ནི་སྡེ་དགེ་རྫོང་གིས་མ་དངུལ་སྒོར་ཁྲི3400བཏང་ནས་བཟོ་སྐྲུན་བྱས་པའི་སྨན་ཤོད་མི་རིགས་ལག་ཤེས་བཟོ་རྩལ་འགྲེམས་ཚོང་ལྟེ་གནས་དང་མི་རིགས་ལག་ཤེས་བཟོ་རྩལ་གསོ་སྦྱོང་ལྟེ་གནས་རེད། རྫོང་དེས་སྲིད་ཇུས་ཀྱི་རོགས་སྐྱོར་དང་མ་དངུལ་གྱི་རོགས་སྐྱོར། རིག་སྟོབས་ཀྱི་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སྨན་ཤོད་ཡུག་སྦྲེལ་ས་ཁུལ་གྱི་མི་རིགས་ལག་ཤེས་བཟོ་རྩལ་ལེགས་བཅོས་དང་བྲིན་ཚོང་ཐབས་ལམ་གཉེར་ནས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང་། ཐོན་ལས་གླིང་ཁུལ་དང་སྣེ་འདྲེན་ཁེ་ལས། དབུལ་སྐྱོར་འཁོར་ཁང་། ཁྱིམ་ཚང་བཟོ་ཁང་བཅས་ཟུང་དུ་སྦྲེལ་བའི”བྱེད་སྟངས་ལ་བརྟེན་ནས་སྨན་ཤོད་དུ་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་དབུལ་སྐྱོར་འཁོར་ཁང19བསྐྲུན། སྲོལ་རྒྱུན་གྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཆབས་ཅིག་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་སྣེ་ཁྲིད་དེ་ལག་རྩལ་སྣ་གཅིག་སྦྱངས་ནས་དབུལ་ཕོངས་ལས་ཐར་ཏེ་ཕྱུག་པོ་ཆགས་པར་མངོན་འགྱུར་བྱུང་བ་རེད།

སྡེ་དགེ་རྫོང་ལ་ད་ཆར་འཛམ་གླིང་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས་གཅིག་དང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས་གསུམ། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྣམ་གྲངས་བཅུ་བཅས་ཡོད། རྫོང་ཡོངས་སུ་ཁྱོན་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ76ཡོད་པ་རེད། སྨན་ཤོད་ཡུག་སྦྲེལ་ས་ཁུལ་གྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་བྱེད་སྟངས་ལ་བརྟེན་ནས་མི་རིགས་མི་འདྲ་བའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྣ་ཁ20ལྷག་ཙམ་རྒྱུན་འཛིན་བྱས་ནས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བཟོ་གྲྭ27འཕེལ་རྒྱས་བཏང་ཡོད།

སྨན་ཤོད་ཡུག་སྦྲེལ་ས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་དབུལ་སྐྱོར་འཁོར་ཁང་གི་ལས་གཞི་ནང་སྨན་ཤོད་ཡུག་སྦྲེལ་ས་ཁུལ་གྱི་གྲོང་ཚོ12ཀྱི་འཁོར་ཁང19ཚུད་ཡོད་པའི་ནང་ཀརྨ་སྒར་བྲིས་ཐང་ག་དང་། ཤིང་བརྐོས། འཇིམ་བཟོ། ཚོན་རིས། རྫ་ཆས། འཁེལ་འཐག རྡུང་བཟོ་སོགས་ལག་རྩལ་དང་འབྲེལ་བ་ཡོད་པ་དང་། ལས་ཞུགས་ལས་གནས600ལྷག་ཙམ་གསར་སྣོན་བྱས་ཤིང་མི་རེར་ལོ་རེར་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི1.2ཡན་འཕར་བ་རེད།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱི་རིག་གནས་སྣེ་འདྲེན་ཁེ་ལས་དང་ཁྱད་ཆོས་ལྡན་པའི་རིག་གནས་ཚོང་ཟོག་སྐྱེད་སྲིང་བྱས་པ་བརྒྱུད། རིག་གནས་ཐོན་ལས་ཀྱི་ཕུལ་བྱུང་ལས་གཞི་ཁག་ཅིག་བཏོད་དེ་ས་གནས་དེ་གའི་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་འོག ཁུལ་ཡོངས་སུ་ས་གནས་དེ་གའི་རིག་གནས་རྐང་འཛིན་ཁེ་ལས30ལྷག་ཙམ་ལ་རོགས་སྐྱོར་བྱས་ནས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས50ལྷག་ཙམ་གསར་སྐྲུན་བྱས་ནས་དཀར་མཛེས་རྫོང་གེ་སར་རིག་གནས་གནད་སྨིན་དབུལ་སྐྱོར་གྲོང་ཚོ་བརྒྱའི་ཐོན་ལས་རྟེན་གཞི་དང་། སྡེ་དགེ་ཁམས་པའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་གླིང་། སྨན་ཤོད་མི་རིགས་ལག་ཤེས་བཟོ་རྩལ་དབུལ་སྐྱོར་འཁོར་ཁང་སོགས་རིག་གནས་ཐོན་ལས་གླིང་ཁུལ་ཁག་ཅིག་བཙུགས་ཡོད། 《གསེར་རི་དངུལ་རི》དང་། 《ལྕགས་ཟམ་ཟམ་པ་མྱུར་འཕྲོག》《དར་མདོའི་མཛའ་གཞས》སོགས་ཕུལ་བྱུང་གི་ཚོང་འཁྲབ་ལེ་ཚན་འབོར་ཆེན་ཞིག་གསར་རྩོམ་བྱས་ཡོད། རིག་གནས་བྱེད་སྒོ་སྒྲུབ་འགན་འཁུར་བ་དང་མང་ཚོགས་ཀྱི་རིག་རྩལ་བརྩམས་ཆོས་སྤུས་དག་གསར་རྩོམ་བྱས་པ་བརྒྱུད་ནས་རིག་གནས་ཐོན་རྫས་འགྲེམས་འཚོང་བྱེད་སྒོ་སྤེལ་ཞིང་། རིག་གནས་ཐོན་རྫས་སྣ་ཚོགས་ངོ་གྲངས་ཁྲི་ཙམ་བྲིན་འཚོང་ཐུབ་ཡོད་པ་དང་སྤྱིའི་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི1000ལས་བརྒལ་ནས་རིག་གནས་གསར་གཏོད་བྱ་དགའ32ཐོབ་པ་དེའི་ནང་ས་ཁུལ་རིམ་པ་ཡན་གྱི་བྱ་དགའ2000ལྷག་ཙམ་ཐོབ་ཡོད།

ད་ཆ་རང་ཁུལ་གྱི་རིག་གནས་ཐོན་ལས་གཉེར་སྐྱོང་སྡེ་ཚན1000ལྷག་ཟིན་པ་དང་ཐད་ཀར་ལས་ཞུགས་མི་སྣ6000ལྷག་ཙམ་ཡོད་པ་དེས་ཞིང་འབྲོག་མང་ཚོགས་ཁྲི2.2ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ནས་རིག་གནས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.15ཙམ་ཟིན་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:རྒས་དུས་འཚོ་རྟེན་ཡོད་པ་ནས་རྒས་དུས་སྤྲོ་སྐྱིད་ཡོད་པའི་བར།
  • ལེ་ཚན་རྗེས་མ།:ལུས་ལ་དམག་གོས་གྱོན་ནས་ལང་ཚོ་ཆུད་ཟོས་སུ་མི་གཏོང་།
  • དོ་སྣང་ཆེ་བའི་རྩོམ།