རྒས་དུས་འཚོ་རྟེན་ཡོད་པ་ནས་རྒས་དུས་སྤྲོ་སྐྱིད་ཡོད་པའི་བར།

དབྱངས་ཅན་གྱིས་བསྒྱུར།        2020-09-28

རྒས་དུས་འཚོ་རྟེན་ཡོད་པ་ནས་རྒས་དུས་སྤྲོ་སྐྱིད་ཡོད་པའི་བར།

རང་ཁུལ་གྱིས་མ་མཐའི་འཚོ་རྟེན་འགན་སྲུང་བྱེད་ནུས་རྒྱུན་མཐུད་ཇེ་དྲག་ཏུ་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་རམ་འདེགས་བྱས་པའི་དངོས་བྲིས།

སྨན་པས་ད་ལོར་ལོ་ན80ལོན་པའི་ཨ་ཕྱི་ལི་ལ་སྦྱར་སྨན་སྦྱོར་བཞིན་པའི་སྒང་རེད། མོས་དུས་རྒྱུན་གྱི་ནད་རོ་དེ་རེད། དགུན་ཤར་མ་ཐག་ལུ་བ་དང་རྐང་ལག་ཇི་ལྟར་བྱས་ཀྱང་གྲང་མོར་ཆགས་ཀྱི་འདུག རྒས་ཁོགས་ཆགས་དུས་སྨན་ཁང་དུ་འགྲོ་དགོས་ན་སྟབས་བདེ་པོ་མི་འདུག ད་ལྟར་སྨན་པ་ཆེད་དུ་སྒོ་ཁར་ཡོང་ནས་ང་རང་ལ་སྨན་བཅོས་བྱས་བྱུང་། དངོས་གནས་ཧ་ཅང་སྐྱིད་པོ་རེད་ཅེས་བཤད་པ་རེད།

ད་ལོའི་དབྱར་ཁ་ཤར་མ་ཐག་དར་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་སྨན་པ་དར་མདོ་གྲོང་ཁྱེར་ལྟེ་བའི་རྒན་གསོ་ཁང་དུ་ཕྱིན་ནས། གཅིག་བསྡུས་ཀྱིས་རྒན་རྒོན་རྣམས་ལ་སྦྱར་སྨན་སྦྱར་ནས་དགུན་ཁའི་ནད་དབྱར་ཁར་བཅོས་པ་དང་ཆབས་ཅིག ད་དུང་རྒན་རྒོན་ཚོར་བློ་འདྲི་བྱེད་སྟེགས་དང་། འདྲི་བརྟག་བྱེད་པ། ཁྲག་ཤེད་དང་ཁྲག་གི་མངར་ཆ་འཇལ་བ་སོགས་ཀྱི་ཞབས་ཕྱི་སྒྲུབ་མཁན་སྨན་པ་མཁོ་འདོན་བྱས་པ་རེད།

ཁྱིམ་ཚང་ཡོངས་ལ་རྒན་རྒོན་ཡོད་པ་དང་མི་ཚང་མ་རྒས་སྲིད་པས་རྒན་གསོ་བྱ་རྒྱུ་ནི་མི་སེར་གྱི་དམངས་འཚོ་དང་འབྲེལ་བའི་དོན་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་ནས། རྒན་གསོ་ཞབས་ཞུའི་ལས་ཁུངས་གསར་འཛུགས་ཤུགས་ཆེན་བྱ་རྒྱུ་དང་། སྤྱི་གཉེར་དང་དམངས་གཉེར་གྱི་རྒན་གསོ་ལས་ཁུངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་ཞིང་། རྒན་རྒོན་ལ་སྤྱི་ཚོགས་ཀྱིས་རྒུད་སྐྱོབ་བྱ་རྒྱུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ས་ཁོངས་རང་བཞིན་གྱི་རྒན་གསོ་ཞབས་ཞུའི་ལྟེ་གནས་འཕེལ་རྒྱས་གཏོང་བ་དང་། དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་སྦྲགས། ཁྱིམ་དུ་བསྡད་དེ་རྒན་གསོ་བྱེད་པ་དང་སྡེ་ཁུལ་གྱིས་ཉིན་མོར་ལྟ་སྐྱོང་ཞབས་ཕྱི་སྒྲུབ་པའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་དམངས་སྲིད་ཀྱིས་སྣེ་ཁྲིད། སྡེ་ཁག་གིས་མཉམ་རོགས། སྤྱི་ཚོགས་ཡོངས་སུ་ཞུགས་པའི་རྒན་གསོ་ཞབས་ཞུའི་རྣམ་པ་ཆགས་ནས་རྒན་གསོ་ཞབས་ཞུའི་ཆུ་ཚད་དང་རྒན་རྒོན་གྱི་འཚོ་བའི་སྤུས་ཚད། བདེ་སྐྱིད་འབྱུང་ཚད་ཚང་མ་ཇེ་མཐོར་ཕྱིན་ཡོད།

མ་མཐའི་འཚོ་རྟེན་འགན་སྲུང་རྒྱུན་མཐུད་ཇེ་དྲག་ཏུ་བཏང་ནས་འགན་ལེན་བྱ་དགོས་ཚད་ལ་འགན་ལེན་བྱས་ཏེ་མི་གཅིག་ཀྱང་ལུས་སུ་མི་བཅུག

ཉེ་ཆར། དར་མདོ་གྲོང་རྡལ་ཁྲོམ་ལམ་གྱི་རྒྱུན་དྭངས་ཆུ་མིག་སྡེ་ཁུལ་གྱི་དམངས་གཙོའི་དཔྱད་བསྡུར་གྲོས་ཚོགས་ཐོག གསར་འགོད་པས་སྡེ་ཁུལ་གྱི་ལས་བཟོ་མི་སྣ་དང་། དྲ་བ་ཅན་དུ་དོ་དམ་བྱེད་མཁན་དང་སྡེ་ཁུལ་ཡུལ་མི་སོགས་ཀྱིས་ཚོགས་འདུའི་ཐོག་མགྲིན་གཅིག་ཏུ་ཐུང་ཡིང་ཐའོ་ཡིས་མ་མཐའི་འཚོ་རྟེན་འགན་སྲུང་གི་ཐོབ་དངུལ་ལེན་ཆོག་པའི་གྲོས་མཐུན་བྱུང་ནས་ལམ་སང་ཡོངས་བསྒྲགས་ཀྱི་དུས་རིམ་དུ་སླེབས་ཡོད། ཡོངས་བསྒྲགས་བྱས་ནས་བསམ་འཆར་མི་འདྲ་བ་མེད་རྗེས་ཐུང་ཡིང་ཐའོ་ཡིས་མ་མཐའི་འཚོ་རྟེན་འགན་སྲུང་གི་ཐོབ་ཐང་ལོངས་སྤྱོད་བྱེད་ཆོག་པ་རེད།

ལོ་ན56ལོན་པའི་ཐུང་ཡིང་ཐའོ་ཡི་མིག་དབང་ལ་སྐྱོན་ཕོག་རྗེས་ངལ་རྩོལ་ནུས་ཤུགས་ཉམས་ནས་འཚོ་བར་དཀར་ངལ་ཆེ་སྟབས། རྒྱུན་དྭངས་ཆུ་མིག་སྡེ་ཁུལ་གྱི་ཆེས་དབུལ་ཕོངས་ཀྱི་མི་སྣའི་གྲས་སུ་བཞག་ཡོད། རྒྱུན་དྭངས་ཆུ་མིག་སྡེ་ཁུལ་གྱི་ཧྲུའུ་ཅི་ཧྥུ་ཧྲི་ཆིའུ་ཡིས་སྡེ་ཁུལ་གྱི་རེ་འདུན་ལྟར་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ལ་ལོ་རེར་ཞིབ་བཤེར་ཐེངས་གཉིས་རེ་བྱ་དགོས། ཆ་རྐྱེན་དང་མཐུན་པའི་མི་གཅིག་ཀྱང་མི་ལུས་པ་དང་ཆ་རྐྱེན་དང་མཐུན་པའི་མི་སྣ་ནམ་ཡང་ཕྱིར་འཐེན་བྱ་དགོས་ཞེས་བཤད།

རང་ཁུལ་གྱི་དམངས་སྲིད་སྡེ་ཁག་གིས་ཆབ་སྲིད་རང་བཞིན་གྱི་དབུལ་ཐར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ཁག་གཅིག་ལ་སྲིད་ཇུས་དོན་འཁྱོལ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་མཐའ་སྐྱོང་ལས་འགན་དངོས་སུ་ཁུར་བ་དང་ཆབས་ཅིག མ་མཐའི་འཚོ་རྟེན་འགན་སྲུང་གི་ལམ་ལུགས་དང་དབུལ་སྐྱོར་སྲིད་ཇུས་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་། 2017ལོར་ཁྱོན་ཡོངས་སུ་ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་དམིགས་ཚད་གཉིས་གཞི་གཅིག་ཏུ་གྱུར་པ་དང་། ད་ཆར་ཞིང་སྡེའི་ཆེས་དམའ་བའི་འཚོ་རྟེན་འགན་སྲུང་གི་དམིགས་ཚད་ཟླ་བ་རེར་སྒོར390ཡོད། ཁུལ་ཡོངས་སུ་ཡིག་ཚགས་བྱང་བུ་བཟོས་པའི་འགན་སྲུང་ཡོད་པའི་མི་འབོར་དབུལ་ཕོངས་ཁྲོད་མ་མཐའི་འཚོ་རྟེན་འགན་སྲུང་གི་མི་གྲངས78265ཡོད། ལམ་ལུགས་འདིར་བརྟེན་ནས་ཆེས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཐུབ་ནས། འབྱོར་འབྲིང་ལམ་དུ་བསྐྱོད་པའི་མི་འབོར་དབུལ་ཕོངས་གཅིག་ཀྱང་རྗེས་ལུས་མི་ཤོར་བར་ཁག་ཐེག་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། རང་ཁུལ་གྱིས1997ལོར་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ལམ་ལུགས་འཛུགས་གཉེར་བྱས་པ་དང་། 2005ལོར་ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་གི་ལམ་ལུགས་འཛུགས་གཉེར་བྱས། གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་མི་གྲངས་དེ་ལམ་ལུགས་འཛུགས་གཉེར་བྱས་པའི་དང་ཐོག་གི་མི་གྲངས529ནས་ད་ལྟའི་མི་གྲངས9299བར་འཕར་ཡོད། ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་གི་མི་གྲངས་དེ་ལམ་ལུགས་འཛུགས་གཉེར་བྱས་པའི་དང་ཐོག་གི་མི་གྲངས584ནས་ད་ལྟའི153103བར་འཕར་ཡོད། ལོ་རེར་མ་དངུལ་འཇོག་ཚད་དང་ཐོག་གི་མ་དངུལ་སྒོར་ཁྲི་བརྒྱ་ལྷག་ནས་སྒོར་དུང་ཕྱུར5བར་འཕར་ཡོད། གྲོང་ཡུལ་གྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་གསབ་དངུལ་གྱི་ཆུ་ཚད་ཟླ་བ་རེར་མི་རེར་ཁག་བགོས་ནས་དང་ཐོག་གི་ཟླ་བ་རེར་སྒོར80དང་། སྒོར20.8ནས་ཟླ་བ་རེར་མི་རེར་སྒོར590དང390ལ་འཕར་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གྲོང་ཡུལ་གྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་བཅོས་སྐྱོང་ལས་ཀ་ཏན་ཏིག་སྤེལ་ནས། ཁུལ་ཡོངས་ཀྱི་གྲོང་ཡུལ་དུ་མ་མཐའི་འཚོ་རྟེན་འགན་སྲུང་མི་སྣ་གནད་འཁེལ་དབྱེ་འབྱེད་དང་ངོས་འཛིན། གནས་བབ་དོ་དམ་བྱས་པ་བརྒྱུད། མི་གྲངས་ཁྲི28ནས་ད་ལྟའི་མི་གྲངས་ཁྲི16ལྷག་ལ་ཆག་ནས། འགན་སྲུང་བྱ་དགོས་ཚད་འགན་སྲུང་དང་། ཕྱིར་འཐེན་བྱ་དགོས་ཚད་ཕྱིར་འཐེན་བྱས་ཏེ། གནད་སྨིན་འགན་སྲུང་གི་དམིགས་ཡུལ་ཕལ་ཆེར་མངོན་འགྱུར་བྱུང་ཡོད། ད་ཆའི་བར་དུ་ཁུལ་ཡོངས་སུ་གྲོང་ཡུལ་གྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་བསྡོམས་པས་མི་གྲངས་ཁྲི16.24ལ་འགན་སྲུང་བྱས་ནས་ཁུལ་ཡོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ14.8ལ་ཟིན། ད་ལོའི་སྤྱི་ཟླ་དང་པོ་ནས7པའི་བར་རིམ་བརྩིས་ཀྱིས་མ་མཐའི་འཚོ་རྟེན་འགན་སྲུང་གི་མ་དངུལ་སྒོར་དུང་ཕྱུར3.5གཏོང་སྤྲོད་བྱས་ཡོད།

རང་ཁུལ་གྱིས2006ལོར་ཞིང་སྡེའི་འགན་ལེན་ལྔའི་གསོ་ཚགས་ལམ་ལུགས་གསར་པ་བཙུགས་པ་དང་། 2017ལོར་གྲོང་ཡུལ་གྱི་གཅིག་གྱུར་བཀོད་སྒྲིག་བྱས་པའི་ཆེས་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་དང་གསོ་ཚགས་བྱེད་པའི་ལམ་ལུགས་འཛུགས་གཉེར་བྱས། ད་ལྟ་ཁུལ་ཡོངས་སུ་འགན་སྲུང་མི་གྲངས་བསྡོམས་པས9072ཡོད། གྲོང་ཡུལ་གྱི་ཆེས་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་དམིགས་ཚད་དེ་ཡུལ་དེའི་གྲོང་ཡུལ་གྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་དམིགས་ཚད་ཀྱི་ལྡབ1.3ལས་མི་ཉུང་ནས་ལག་བསྟར་བྱས་ཡོད། གྲོང་ཁྱེར་གྱི་ཆེས་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་དམིགས་ཚད་ཟླ་བ་རེར་སྒོར767དང་། ཞིང་སྡེའི་ཆེས་དཀའ་ངལ་ཡོད་པའི་དབུལ་པོའི་གཞི་རྩའི་འཚོ་བའི་དམིགས་ཚད་ཟླ་བ་རེར་སྒོར507ཡོད་པ་རེད།

ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལས་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་ཡིན་པས། རང་ཁུལ་གྱིས་མ་མཐའི་འཚོ་རྟེན་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱས་ནས། དམིགས་བསལ་གྱི་ནད་རིགས་དང་དབང་སྐྱོན་ཤོར་མཁན། མང་ཚོགས་དབུལ་པོ་བཅས་ལ་དམིགས་ཏེ་འགན་སྲུང་བྱ་དགོས་ཚད་འགན་སྲུང་བྱས་ཏེ་དུད་ཚང་དང་མི་གཅིག་ཀྱང་ཆད་ལུས་མེད་པར་ཁག་ཐེག་བྱ་རྒྱུ་རེད།

རྒན་གསོ་ཞབས་ཞུའི་ལས་ཀ་རྒྱུན་མཐུད་བཟང་བསྒྱུར་དང་ཐབས་མང་མཉམ་འདོན་བྱས་ཏེ་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་།

ད་ལོའི་སྤྱི་ཟླ5པར་ཀོང་མིང་སྡེ་ཁུལ་གྱི་ལས་བྲལ་ངལ་གསོའི་དགེ་རྒན་ཨ་ཕྱི་ཝང་དར་མདོ་སློབ་གསོ་ལུས་རྩལ་ཅུས་ཀྱི་རྒན་རྒོན་བྱེད་སྒོ་ལྟེ་གནས་སུ་སླེབས་སྐབས་ལས་སྒྲུབ་མི་སྣས་དུག་གསོད་བྱེད་བཞིན་པ་མཐོང་།

རིམས་ནད་ཀྱི་གནས་ཚུལ་བྱུང་སྐབས་ཀོང་མིང་སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་ཁོངས་གཏོགས་ས་ཁུལ་གྱི་སྡེ་ཁུལ་དུ་ཕྱིན་ནས་ལོ་ན80ལོན་པའི་རྒན་རྒོན་དག་གི་གཟུགས་པོའི་གནས་ཚུལ་ལ་རེ་རེ་བཞིན་དུ་ཞིབ་བཤེར་དང་གྲོགས་མེད་ཁེར་རྐྱང་གི་རྒན་རྒོན་ལ་འབྲུ་རིགས་དང་སྔོ་ཚལ་སོགས་ཉོ་རོགས་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། རང་ཁུལ་གྱིས་སྔོན་རྗེས་སུ《རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དང་《དཀར་མཛེས་ཁུལ་རྒན་གསོ་ཞབས་ཞུ་འཕེལ་རྒྱས་གཏོང་བའི་གཙོ་གནད་ལས་འགན་གྱི་ལས་བགོས་འཆར་འགོད》སོགས་ཚད་ལྡན་རང་བཞིན་གྱི་སྲིད་ཇུས་ཡིག་ཆ་བཏོན་ནས། རྒན་གསོ་ཞབས་ཞུའི་ལས་རིགས་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་འཛུགས་སྐྱོང་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རོགས་དངུལ་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག་ཁུལ་རིམ་པའི་ནོར་སྲིད་ཀྱི་སྔོན་རྩིས་མ་དངུལ་སྒོར་ཁྲི350བཀོད་སྒྲིག་བྱས་ཏེ་རྒན་གསོ་ཁང་བསྐྲུན་ཡས་དང་སྲུང་སྐྱོང་བྱེད་ཡས་ཀྱི་གསབ་དངུལ་བྱས་པ་དང་། རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པའི་ཁུལ་རིམ་པ་རང་ཉིད་ཀྱི་ཕན་བདེའི་སྤྱི་ཕན་མ་དངུལ་ལོ་རེར་སྒོར་ཁྲི་བརྒྱ་ཚོ་འགའ་བཀོད་སྒྲིག་བྱས། རྫོང(གྲོང་ཁྱེར་)སོ་སོར་ལོ་རེར་མ་མཐའ་ཡང་སྒོར་ཁྲི60སྤྱད་ནས་རྒན་གསོ་ཁང་གི་འཛུགས་སྐྲུན་དང་འཁོར་སྐྱོད་བྱ་རྒྱུའི་ཐད་སྤྱད་ཡོད།

ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཡས་སྒོར་དུང་ཕྱུར5ལྷག་རག་ཐབས་བྱས་པ་དང་། རྒན་གསོ་ཁང་(སྤྱི་ཚོགས་ཕན་བདེ་ཁང་)30ལྷག་གསར་འཛུགས་དང་རྒྱས་སྐྲུན་བྱས། རྟའུ་རྫོང་ལ་སྤྱི་ཚོགས་ཕན་བདེ་ལྟེ་གནས་བསྐྲུན་ཞིང་། ཕྱག་ཕྲེང་རྫོང་ལ་ལྟེ་བའི་རྒན་གསོ་ཁང་སོགས་ཚན་པ་དང་པོའི་ཇུས་འགོད་ཚད་ལྡན་དང་། སྒྲིག་ཆས་ཆ་ཚང་། བྱེད་ནུས་འཛོམས་པ། ཚད་ལྡན་ཅན་དུ་འགྱུར་བའི་རྒན་གསོ་ཁང་བསྐྲུན་ཡོད། རྒན་གསོ་ཉལ་ཁྲི3000ལྷག་གསར་འཛུགས་དང་བསྒྱུར་བཀོད་བྱས་ཡོད། ཁུལ་ཡོངས་སུ་རྒན་གསོ་ལས་ཁུངས་མེད་པ་ནས་ཡོད་པ་དང་། ཉུང་བ་ནས་མང་བ། ཞན་པ་ནས་ཡག་པོའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ད་ཆ་ཁུལ་ཡོངས་སུ་སྤྱི་གཉེར་རྒན་གསོ་ཁང་དང་ཕན་བདེ་ཁང་བསྡོམས་པས51ཡོད། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ཉལ་ཁྲི་བསྡོམས་པས4100ཡོད་པས། ཆེས་དཀའ་ངལ་ཡོད་པའི་རྒན་རྒོན་ཕལ་ཆེར་ལྟ་སྐྱོང་དང་ཞབས་ཞུ་བྱེད་ཐུབ་པ་རེད།

རྒན་རྒོན་ལ་བསྙེན་བཀུར་དང་གཅེས་སྐྱོང་། རོགས་རམ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་བཟང་པོ་ཆགས།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་རྒན་རྒོན་ལ་ལྟ་སྐྱོང་ཞབས་ཞུ་བྱེད་པའི་ལས་གཞི་གཏན་འབེབས་དང་ལག་བསྟར་བྱས་པ་དང་། རྒན་རྒོན་ལ་གཟིགས་སྐྱོང་བྱེད་ཐབས་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་དང་མཐུན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་རྒན་རྒོན་ལ་བྱེད་སྟངས་སྣ་ཚོགས་ཀྱི་སྒོ་ནས་དམིགས་སུ་བཀར་ཏེ་ཞབས་ཕྱི་སྔོན་དུ་བསྒྲུབ་རྒྱུ་དང་ལྟ་སྐྱོང་བྱ་རྒྱུ་མཁོ་སྤྲོད་བྱེད་གང་ཐུབ་བྱས་པ་དང་། 《རྒན་རྒོན་ལ་གཟིགས་སྐྱོང་བྱེད་པའི་ལས་ཀ་དངོས་སུ་ཤུགས་ཆེན་སྒྲུབ་པའི་སྐོར་གྱི་བརྡ་ཡིག》གཏོང་སྤྲོད་བྱས་ནས། ལོ་ན60ཡན་གྱི་རྒན་རྒོན་ལ་སྲིད་དོན་དང་། འཕྲོད་བསྟེན་བདེ་སྲུང་། འགྲིམ་འགྲུལ་གྱི་འགྲོ་འོང་། ཚོང་ལས་ཞབས་ཞུ། རིག་གནས་ལུས་རྩལ་དང་ངལ་གསོ། ཁེ་དབང་སྲུང་སྐྱོང་བྱེད་པར་ཞབས་ཕྱི་བསྒྲུབ་རྒྱུ་ལ་གཟིགས་སྐྱོང་བྱེད་པའི་དོན་ཆེན6དང་གཟིགས་སྐྱོང་བྱེད་ཐབས27གསལ་པོ་བྱས་པ་རེད།

དུས་མཉམ་དུ་དཀར་མཛེས་ཁུལ་གྱིས་རྒན་རྒོན་སློབ་ཆེན་བཙུགས་ནས་རྒས་དུས་ཀྱི་སློབ་སྦྱོང་བྱེད་ས་བཙུགས་ནས། གཞི་རིམ་ན་རྒས་མཐུན་ཚོགས་ཀྱིས་སྤྱི་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒན་རྒོན་ཚོ་སྣེ་ཁྲིད་དང་སྒྲིག་འཛུགས་བྱས་ནས་ཚན་རིག་དང་། དཔལ་ཡོན། བདེ་ཐང་། ཕན་ཡོད་ཀྱི་རིག་རྩལ་བྱེད་སྒོ་བཅས་སྤེལ་ནས། ནམ་རྒྱུན་རང་བཞིན་གྱི་རྒན་རྒོན་རིག་རྩལ་འཁྲབ་སྟོན་དང་། རྒན་རྒོན་གྱི་རི་མོ་དང་འདྲ་པར་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཞིང་ཆེན་རིམ་པའི་ཕན་བདེའི་བྱ་དགའི་འཛིན་ཤོག་གི་ཐེབས་རྩ་བརྩོན་ལེན་བྱེད་གང་ཐུབ་བྱས་ནས་ཞིང་སྡེའི་རྒན་རྒོན་མཐུན་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ་རྒན་རྒོན་ལ་བསྙེན་བཀུར་དང་གཅེས་སྐྱོང་། རོགས་རམ་བཅས་ཀྱི་བྱེད་སྒོ་སྤེལ་ནས། གྲོང་ཡུལ་རྒན་རྒོན་གྱི་བསམ་པའི་རིག་གནས་ཀྱི་འཚོ་བ་དེ་བས་ཕུན་སུན་ཚོགས་པོར་བཏང་བ་རེད།།

  • ལེ་ཚན་སྔོན་མ།:སི་ཁྲོན་འདབ་པའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ལས་དཔལ་འབྱོར་ཡོང་འབབ་འཕར་བ།
  • ལེ་ཚན་རྗེས་མ།:རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཆེན་པོ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཆེན་པོ་བཏང་།
  • དོ་སྣང་ཆེ་བའི་རྩོམ།