རང་རེའི་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་བཏང་།

ལྷ་འཛོམས་ཀྱིས་བསྒྱུར།        2020-09-22

 

    སྤྱི་ཟླ9པའི་ཚེས21ཉིན་གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ། རང་རེའི་ཞིང་ཆེན་གྱིས《སི་ཁྲོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་གསལ་ཐོ》དོན་འཁྱོལ་ནན་པོ་བྱས་ནས་གཙང་བཤེར་བཅོས་སྒྲིག་ལས་དོན་གཅིག་སྡུད་ཐོག་སྤེལ་ནས་སློབ་གྲྭ་འབྲིང་ཆུང་དང་དགེ་རྒན་ལ་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་དཔྱད་བསྡུར་དང་དཔྱད་ཞིབ་ཀྱི་ལས་དོན་དེ་ད་ཡོད་ཀྱི་རྨང་གཞིའི་ཐོག་བརྒྱ་ཆ50ཡན་ཉུང་དུ་གཏང་རྒྱུའི་འགན་ལེན་བྱ་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏང་རྒྱུ་དེ་སློབ་གསོའི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་གལ་ཆེན་དུ་བརྩིས་པ་དང་ལག་བསྟར་བྱེད་ཤུགས་མི་འདང་བ་དང་དོན་འཁྱོལ་གནད་འཁེལ་མ་བྱུང་བའི་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱ་དགོས།

    དེའི་སྔོན་དུ་གནས་པའི་སློབ་གྲྭར་སྐྱོད་པའི་བྱེད་སྒོ་མང་དྲགས་པར་དམིགས་ནས། སློབ་གྲྭའི་རྒྱུན་གཏན་གྱི་སློབ་ཁྲིད་སྒྲིག་ལམ་ལ་འགོག་རྐྱེན་བཟོ་བ་སོགས་ཀྱི་གནད་དོན་ཐད་རང་རེའི་ཞིང་ཆེན་གྱིས་སློབ་གྲྭར་སྐྱོད་པའི་བྱེད་སྒོར་ཞིབ་བཤེར་གཏན་འཁེལ་ལམ་ལུགས་ལག་བསྟར་ནན་པོ་བྱ་དགོས་པའི་གཏན་འབེབས་བྱས་པ་རེད། སློབ་ལོ་རེར་ཞིང་ཆེན་རིམ་པའི་རིམ་ངོས་སུ་སློབ་གྲྭར་སྐྱོད་པའི་བྱེད་སྒོ་ཁག3ལས་མི་བརྒལ་བ་དང་། གྲོང་ཁྱེར་རིམ་པ་དང་དེའི་མན་དུ་སློབ་གྲྭར་སྐྱོད་པའི་བྱེད་སྒོ་ཁག3ལས་མི་བརྒལ་བ་བཀོད་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག་སློབ་གྲྭའི་གཙོ་གཉེར་སྡེ་ཚན་གྱི་མོས་མཐུན་མ་ཐོབ་པར་དཔེ་སྟོན་སློབ་གྲྭ་དང་ཁྱད་ལྡན་སློབ་གྲྭ་སྣ་ཚོགས་ལ་ལྟ་སྐོར་དང་། སློབ་སྦྱོང་། རྟོག་ཞིབ་བཅས་ཀྱི་བྱེད་སྒོ་སྤེལ་མི་ཆོག སློབ་གྲྭ་གཅིག་གིས་སློབ་ལོ་རེར་ལྟ་སྐོར་དང་། སློབ་སྦྱོང་། རྟོག་ཞིབ་བཅས་ཀྱི་བྱེད་སྒོ་སྤེལ་བའི་ལས་འགན་རྩ་དོན་ཐོག་ཐེངས་གཉིས་ལས་བརྒལ་མི་ཆོག

   དགེ་རྒན་སྐོང་འཐེན་དང་གཡར་སྤྱོད་བྱེད་པའི་ཐད། སྐོང་འཐེན་དང་གཡར་སྤྱོད་དགེ་རྒན་གྱི་ཞིབ་མཆན་ཐོ་འགོད་ལམ་ལུགས་བཙུགས་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་སྐོང་འཐེན་དང་གཡར་སྤྱོད་བྱེད་མི་ཆོག གཡར་སྤྱོད་དུས་ཡུན་དེ་རྩ་དོན་ཐོག་ལ་ལོ་ཕྱེད་ལས་བརྒལ་མི་ཆོག དཔྱད་བསྡུར་དཔྱད་ཞིབ་ཐད། རྫོང་རིམ་པ་ཡན་གྱི་(རྫོང་རིམ་པ་ཚུད་)ཏང་ཨུའི་ཞིབ་བཤེར་ཆོག་མཆན་མ་ཐོབ་པར་སློབ་གྲྭ་འབྲིང་ཆུང་དང་དགེ་རྒན་དམིགས་ཡུལ་དུ་བཟུང་བའི་ལྟ་ཞིབ་ཞིབ་བཤེར་དཔྱད་བསྡུར་དཔྱད་ཞིབ་བྱེད་སྒོ་སྣ་ཚོགས་སྤེལ་མི་ཆོག

     དེ་མིན། དགེ་རྒན་ལ་སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་པའི་འཕྲིན་ཕྲན་སྤྱི་རྟགས་ཀྱི་དོ་ཁུར་དང་འདེམས་ཤོག་འཕེན་པའི་བྱེད་སྒོའི་ནང་ཞུགས་རྒྱུའི་བླང་བྱ་འདོན་མི་ཆོག་པ་དང་། སློབ་གསོ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་ལོ་འཁོར་གསོ་སྦྱོང་འཆར་གཞི་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ཕུད་པའི་དྲྭ་ཐོག་དང་དྲྭ་ཕྱིའི་དགེ་རྒན་གསོ་སྦྱོང་དང་སློབ་ཁྲིད་ཞིབ་འཇུག་བྱེད་སྒོའི་ནང་ཞུགས་རྒྱུའི་བླང་བྱ་འདོན་མི་ཆོག སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ནང་ཁུལ་གྱི་གཞུང་ཡིག་བསྡུ་སྒྲིལ་དང་གྲངས་གཞི་མཉམ་སྤྱོད་བྱ་དགོས་པ་ལས། སློབ་གྲྭ་དང་དགེ་རྒན་ལ་གྲངས་གཞི་སྣ་ཚོགས་དང་དེ་བཞིན་སྣེ་མང་གི་རེའུ་མིག་འབྲི་དགོས་པའི་བླང་བྱ་བསྐྱར་འདོན་བྱེད་མི་ཆོག

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྐྱིད་ཡོད་པར་བྱ།
  • དོ་སྣང་ཆེ་བའི་རྩོམ།