དཀར་མཛེས་ཁུལ་གྱི་མི་རིགས་རིག་གནས་གནའ་གཞུང་གི་སྲུང་སྐྱོང་ལས་ཀར་ཕན་ནུས་མངོན་གསལ་དོད་པོ་ཐོབ།

གངས་སྐྱིད་ཀྱིས།        2017-09-19

ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་བོད་ཀྱི་ལོ་རྒྱུས་དང་། སྐད་ཡིག སྒྱུ་རྩལ།  ནང་བསྟན། གནམ་དཔྱད། སྐར་རྩིས། ས་བབ། གསོ་རིག  ཐོན་སྐྱེད་ལག་རྩལ་སོགས་མི་རིགས་ཀྱི་གནའ་གཞུང་རིག་གནས་འཚོལ་སྡུད་དང་ལེགས་སྒྲིག  རྒྱུན་འཛིན། སྲུང་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་བ་རེད།

ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་སྲུང་སྐྱོང་བྱེད་པར་མཐོང་ཆེན་ཆེན་པོ་བྱས་ནས་ལས་ཀའི་འགན་འཁྲི་དེ་བས་དོན་འཁྱོལ་ཡག་པོ་བྱ་ཆེད།  རྫོང་སོ་སོའི་མི་རིགས་ནང་བསྟན་ལས་ཀའི་སྡེ་ཁག་བར་མི་རིགས་ཀྱི་གནའ་གཞུང་སྲུང་སྐྱོང་བྱ་རྒྱུའི་འགན་འཁྲིའི་ཡི་གེ་བཞག་སྟེ་ལས་འགན་གཞི་རིམ་དང་མིའི་ཐོག་ཏུ་བགོས་པར་ཁག་ཐེག་ཡག་པོ་བྱས་སྟབས། གནའ་གཞུང་སྲུང་སྐྱོང་བྱེད་པའི་ལས་ཀར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། 《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་གི་སྤྱིའི་དཀར་ཆག་གི་གནད་བསྡུས་ནང་གི་སི་ཁྲོན་དཀར་མཛེས་བོད་རིགས་ཀྱི་གནའ་གཞུང་གི་དཀར་ཆག》རྩོམ་སྒྲིག་བྱེད་པའི་ལས་ཀ་བདེ་བླག་ངང་སྤེལ་བར་ཁག་ཐེག་ནན་པོ་བྱ་ཆེད། དཀར་མཛེས་ཁུལ་གྱིས་རྫོང་ཁག་གི་གནའ་གཞུང་འཚོལ་སྡུད་དང་སྲུང་སྐྱོང་བྱེད་མཁན་མི་སྣར་གསོ་སྐྱོང་སྦྱོང་བརྡར་བྱེད་པར་མ་ཟད། ད་རུང་ཆེད་རམས་པ་གདན་འདྲེན་ཞུས་ཏེ་དེ་དག་གི་པར་གཞི་དང་། དཀར་ཆག བོད་ཡིག་གི་དཔྱད་ཡིག་སོགས་ཐད་ཀྱི་ཤེས་བྱ་ལ་གསེད་འགྲེལ་བྱས་པ་དང་།  གསོ་སྐྱོང་སྦྱོང་བརྡར་ནང་ཞུགས་པའི་མི་སྣ་བཀོད་སྒྲིག་བྱས་ཏེ་བོད་རིགས་ཀྱི་གནའ་གཞུང་ལེགས་སྒྲིག་དང་དཀར་ཆག་རྩོམ་སྒྲིག་བྱས་ཡོད་པ་རེད། ཆེད་རམས་པས་ལས་ཡུལ་དངོས་སུ་ཁྲིད་སྟོན་དང་གསེད་འགྲེལ་བྱས་ཏེ་ལས་སྒོ་མི་སྣའི་ལག་རྩལ་འཇོན་ནུས་དང་ཆུ་ཚད་མཐོ་རུ་ཕྱིན་པར་ཕན་ནུས་ལྡན་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།

དེ་མིན། དཀར་མཛེས་ཁུལ་གྱིས་གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་ལ་བརྟག་དཔྱད་ཞིབ་འཇུག་དང་ཁྲིད་སྟོན་བྱེད་མཁན་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་སྡེ་དགེ་དང་།   སེར་ཤུལ། དཔལ་ཡུལ། ལི་ཐང་། འབའ་ཐང་། ཉག་རོང་སོགས་རྫོང་དུ་ཕྱིན་ནས་བོད་ཡིག་གནའ་གཞུང་གི་སྲུང་སྐྱོང་ལས་ཀ་སྤེལ་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་དང་ཁྲིད་སྟོན་བྱས་ཡོད།  ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱི་རྒྱ་ཆེའི་གནའ་གཞུང་ལས་ཀ་སྒྲུབ་མཁན་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་གནའ་གཞུང་སྲུང་སྐྱོང་ལས་ཀ་སྤེལ་སྟངས་སྐོར་གྱི་བླང་བྱ་སོ་སོར་ནན་པོར་བརྟེན་ནས་གནའ་གཞུང་འཚོལ་སྡུད་བྱས་ཏེ་ཐོ་འགོད་དང་། རྩོམ་སྒྲིག་ཡིག་བསྒྱུར། ལེགས་སྒྲིག་བྱ་རྒྱུ་སོགས་ཀྱི་ལས་ཀ་ནན་ཏན་སྤེལ་ནས་གནའ་གཞུང་ཡི་གེ26878ཐོ་འགོད་དང་ལེགས་སྒྲིག་བྱས་ཡོད་ཅིང་།   གནའ་གཞུང་ཡི་གེ6346ལ་ལེགས་བཅོས་བྱས་ཏེ་ཞིང་ཆེན་མི་རིགས་ནང་བསྟན་ཨུ་ལྷན་གྱིས་བཀོད་པའི་དམིགས་འབེན་ལས་འགན་ཚད་ལས་བརྒལ་ནས་གྲུབ་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་སེར་ཤུལ་རྫོང་དུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་སེར་ཤུལ་རྫོང་དུ་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།