རྒྱལ་ཁབ་ཁག་གིས་ནུས་ཤུགས་ཅི་ཡོད་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་གདོད་སྐྱེས་མི་དམངས་ ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་དགོས།

    མི་དམངས་དྲ་བ།    2020-08-13

   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། མཉམ་འབྲེལ་རྒྱལ་ཚོགས་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་ཡིས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་བོའི་མི་དམངས་དུང་ཕྱུར་4.76གི་འཚོ་བ་ལ་ཤུགས་རྐྱེན་བཟོས་ཡོད། རྒྱལ་ཁབ་ཁག་གིས་ཐོན་ཁུངས་འདྲ་མིན་སྙོམས་སྒྲིག་བྱས་ཏེ།  ཏོག་གསར་གློ་ཚད་རིམས་ནད་ཀྱིས་གདོད་སྐྱེས་མི་དམངས་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་དགོས་པ་བསྟན།
   ལོ་རེའི་ཟླ་8ཚེས་9ཉིན་ནི་འཛམ་གླིང་གདོད་སྐྱེས་མི་དམངས་ཀྱི་རྒྱལ་སྤྱིའི་ཉིན་མོ་རེད། ཀུའུ་ཐེ་ལེ་སིས་ཉིན་དེར་བརྙན་ལམ་སྨོན་ཚིག་ནང་བསྟན་དོན། ཕྱོགས་བསྡུས་ངང་ལོ་རྒྱུས་ལ་བལྟས་ན། ས་གནས་གཞན་ནས་འགོས་པའི་རིམས་ནད་ཀྱིས་རིམས་འགོག་ནུས་པ་ཞན་པའི་ཡུལ་སྐྱེས་མི་དམངས་འབོར་ཆེན་ཚེ་ལས་འདས། རྒྱལ་ཁབ་ཁག་གིས་ཐོན་ཁུངས་སྙོམས་སྒྲིག་བྱས་ནས། གདོད་སྐྱེས་མི་དམངས་ཀྱི་དགོས་མཁོ་བསྐངས་ནས། ཁོང་ཚོའི་ལེགས་སྐྱེལ་ངོས་ལེན་བྱེད་པ་དང་། འཕྲོག་མི་རུང་བའི་དབང་ཆ་ལ་བརྩི་སྲུང་བྱེད་དགོས།
   ཀུའུ་ཐེ་ལེ་སི་ཡིས། ཏོག་གསར་རིམས་ནད་མ་བྱུང་གོང་། གདོད་སྐྱེས་མི་དམངས་ལ་རྩ་བ་ཉིད་ནས་འདྲ་མཉམ་མིན་པ་དང་། མིང་ངན་འདོགས་པ་དང་མཐོང་ཆུང་བྱེད་བཞིན་ཡོད། རིམས་ནད་བྱུང་རྗེས། ཚད་ཡོད་ཀྱི་སྨན་བཅོས་བདེ་སྲུང་དང་། འཐུང་ཆུ་གཙང་མ། འཕྲོད་བསྟེན་སྒྲིག་ཆས་ཆ་རྐྱེན་གྱིས་ཁོང་ཚོའི་ཉམས་ང་བའི་ཁོར་ཡུག་ཇེ་སྡུག་ཏུ་བཏང་།
   ཀུའུ་ཐེ་ལེ་སི་ཡིས། གདོད་སྐྱེས་མི་དམངས་ཀྱིས་སྲོལ་རྒྱུན་ལས་རིགས་དང་རང་ཁ་རང་གསོ་ཡི་དཔལ་འབྱོར་བྱེད་སྒོ་གཉེར་བ་དང་། ཡང་ན་ཚད་ལྡན་མིན་པའི་སྡེ་ཁག་ཏུ་ལས་ཀ་བྱེད་བཞིན་ཡོད། འདི་ཚོ་ལ་རིམས་ནད་ཀྱིས་ཤུགས་རྐྱེན་ངན་པ་ཐེབས་ཡོད། གཞན་ཡང་། རིམས་ནད་བྱུང་ཡུན་རིང་ལ་ཁོར་ཡུག་སྲུང་སྐྱོང་ཁྲིམས་བསྟར་ལྷོད་པས། ཁྲིམས་འགལ་ངང་གཏེར་བསློག་པ་དང་ཤིང་གཅོད་པ་སོགས་ཀྱི་བྱེད་སྒོ་ཡིས་ཡུལ་སྐྱེས་མི་དམངས་ནི་དྲག་ཤུགས་ཀྱིས་གནོད་པ་ཐེབས་མཁན་དུ་གྱུར་བ་དང་། མི་མང་པོ་དེའི་རྐྱེན་གྱིས་ཚེ་སྲོག་ཀྱང་ཤོར་ཡོད།
     ཀུའུ་ཐེ་ལེ་སི་ཡིས། གདོད་སྐྱེས་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་ཆེད། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བ་དང་སླར་གསོའི་འཐབ་ཇུས་ལ་ཡུལ་སྐྱེས་མི་དམངས་ནང་ཚུད་པར་འགན་སྲུང་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་མ་ལག་གིས་ཐོག་མཐའ་བར་གསུམ་དུ་《མཉམ་འབྲེལ་རྒྱལཚོགས་ཡུལ་སྐྱེས་མི་དམངས་ཀྱི་ཁེ་དབང་བསྒྲགས་ཡིག》མངོན་འགྱུར་ལ་ཤུགས་འདོན་པ་དང་། ཡུལ་སྐྱེས་མི་དམངས་ཀྱི་སླར་གསོ་བྱེད་ཤུགས་ཇེ་ཆེར་གཏོང་དགོས།
   1994ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཟླ་8ཚེས་9ཉིན་འཛམ་གླིང་གདོད་སྐྱེས་མི་དམངས་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས། ད་ལོའི་བརྗོད་གཞི་ནི་“ཏོག་གསར་གློ་ཚད་རིམས་དང་ཡུལ་སྐྱེས་མི་དམངས་ཀྱི་སླར་གསོ་བྱེད་ཤུགས”རེད།

  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱབ་རྒྱ་འོས་འཚམ་ཆེ་རུ་གཏོང་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་ནི་ཞེ་ཁྲེལ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་ཟབ་མོ་གཏོད་དགོས་ཞེས་མཛུབ་སྟོན་གལ་ཆེན་གནང་།
  • དོ་སྣང་ཆེ་བའི་རྩོམ།