རང་ཁུལ་གྱིས་ད་ལོར་རྒྱ་བོད་སྨན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར༩མངོན་འགྱུར་བྱ་ཐུབ།

པད་མ་སངས་རྒྱས་ཀྱིས་བསྒྱུར།        2017-09-05

ཉེ་ཆར། སྨྱུག་འཛིན་པས་ཁུལ་རྒྱ་བོད་སྨན་རྫས་ཐོན་ལས་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་དོན། ཁུལ་ཡོངས་ཀྱི་རྒྱ་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཆེད།    ད་ལོར་རང་ཁུལ་གྱིས་ཁྲིད་སྟོན་བྱེད་ཕྱོགས་བཞིར་དམིགས་ཏེ་ལོ་རེར་སྨན་རྩྭ་འདེབས་འཛུགས་བྱེད་ཁྱོན་མུའུ5000 གསར་སྣོན་དང་བོད་ལུགས་སྨན་སྦྱོར་ཏུན190ཐོན་སྐྱེད་བྱས་ནས་རྒྱ་བོད་སྨན་རྩྭའི་ཐོན་ཚད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར9མངོན་འགྱུར་བྱ་དགོས་པའི་དམིགས་ཡུལ་བཏོན་པ་རེད།

དམིགས་ཡུལ་དང་ཁྲིད་སྟོན་བྱེད་ཕྱོགས་ལ་དམིགས་ཏེ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས། ཐོན་ལས་ལ་བརྟེན་ནས་མི་དམངས་ཕྱུག་པོར་ཡོང་བའི་འཐབ་ཇུས་ཀྱི་བླང་བྱ་ལྟར། ཁུལ་ཡོངས་ཀྱིས་སྨན་རྩྭ་འདེབས་འཛུགས་བྱེད་སའི་རྟེན་གཞི་དང་། རྒྱ་ལུགས་སྨན་རིལ་བཟོ་གྲྭ་འཛུགས་སྐྲུན་བྱ་རྒྱུ། སྨན་སྦྱོར་ཐོན་སྐྱེད་བྱ་རྒྱུ་ལ་སྐུལ་འདེད་གཏོང་བ་སོགས་ནས་ལོ་ཧྲིལ་པོའི་ཐོན་ལས་གོང་འཕེལ་གཏོང་བའི་དམིགས་ཡུལ་གཏན་འཁེལ་བྱས་པར་མ་ཟད། རྫོང་གྲོང་ཁྱེར་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་ལ་ཁག་བགོས་པ་དང་དུས་ཚོད་ཀྱི་འཕེལ་རིམ་ལྟར་བཀོད་སྒྲིག་བྱས་ནས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་ཁག་ཐེག་བྱས་པ་རེད།

གནད་དོན་གྱི་ཁྲིད་སྟོན་བྱེད་ཕྱོགས་ལ་དམིགས་ནས་ལྟ་སྐུལ་བྱ་རྒྱུ་དམ་འཛིན་བྱས། བརྒྱད་ཟིལ་རྫོང་དུ་བོང་བུ་གསོ་སྤེལ་བྱེད་སའི་རྟེན་གཞི་དང་། ཤྭ་ཁྲ་གསོ་སྤེལ་བྱེད་སའི་རྟེན་གཞི། རྟའུ་རྫོང་གི་རྒྱ་བོད་སྨན་རྩྭ་ཉམས་ཞིབ་བྱེད་སའི་ལྟེ་གནས་འཛུགས་སྐྲུན་བྱེད་པར་བརྟག་ཞིབ་དང་ཁྲིད་སྟོན་བྱས་ཤིང་། ཁུལ་སྨན་རྫས་སྤྱི་གཉེར་ཁང་ལ་ལས་གཉེར་འཁོར་སྤྱོད་བྱེད་འགོ་ཚུགས་པ་དང་། དར་རྩེ་མདོ་ཨེན་ཝེ་སྤྱི་གཉེར་ཁང་གིས་ཐོན་ཁུངས་འཁྲུལ་མེད་ནས་ཐོན་པའི་ལོ་གྲིལ་སྙི་བའི་སྨན་རྫས་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཚད་གཞི་གཏན་འབེབས་བྱེད་པའི་ལས་ཀར་ལྟ་སྐུལ་བྱས། དེ་བཞིན་དུ་ཡུལ་དེར་སྨན་རིལ་བཟོ་གྲྭ་འཛུགས་སྐྲུན་བྱེད་པའི་ལས་ཀར་ཁྲིད་སྟོན་བྱས་པ་དང་། ཞིང་འབྲོག་ལས་རིགས་ཀྱི་ལག་རྩལ་མཁས་ཅན་ཞིང་ནང་དང་མུ་ཁར་ཕྱིན་ནས་སྨན་རྩྭ་འདེབས་འཛུགས་བྱེད་པའི་ལག་རྩལ་ཁྲིད་སྟོན་བྱས་པ་རེད།

གཙོ་གནད་ཀྱི་ཁྲིད་སྟོན་བྱེད་ཕྱོགས་ལ་དམིགས་ཏེ་འབྲེལ་མཐུད་བྱ་རྒྱུར་དམ་འཛིན་བྱས།  ངུར་བ་ཐང་རྒྱ་བོད་སྨན་རྫས་ཐོན་ལས་ལྡུམ་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ལ་བསམ་ཚུལ་བརྗེ་རེས་དང་སྙན་སེང་ཞུས་ནས་ལག་རྩལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་དགོས་པའི་རེ་བ་བཏོན། དུས་མཚུངས་སུ་སི་ཁྲོན་ཞིང་ཆེན་རྒྱ་སྨན་ཚན་རིག་ཁང་དང་། ཁྲེང་ཏུའུ་རྒྱ་སྨན་སློབ་ཆེན་དང་ཚན་རྩལ་ལ་བརྟེན་ནས་ཐོན་ལས་དབུལ་སྐྱོར་བྱེད་པའི་ལས་ཀ་དང་འབྲེལ་མཐུད་བྱས་ཤིང་། ཁག་བགོས་ནས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་འཆར་འགོད་གཏན་འབེབས་བྱས་པར་མ་ཟད་མཉམ་ལས་ལས་གཞིའི་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབས་པ་རེད།

ཁྱད་ཆོས་ལྡན་པའི་ཁྲིད་སྟོན་བྱེད་ཕྱོགས་ལ་དམིགས་ཏེ་ཁྱབ་སྤེལ་ངོ་སྤྲོད་བྱ་རྒྱུ་དམ་འཛིན་བྱས། ཀོང་ཏུང་ཞིང་ཆེན་དུ་བསྐྱོད་དེ་སྨན་བཅོས་ཁེ་ལས་དང་འབྲེལ་མཐུད་གྲོས་མོལ་བྱས་ཏེ་སྨན་རྫས་མཁོ་སྤྲོད་དང་། རྟེན་གཞི་འཛུགས་སྐྲུན། སྨན་རྩྭ་ལས་སྣོན་སོགས་ཀྱི་ལས་ཀར་མཉམ་ལས་བྱེད་པའི་གྲོས་མཐུན་བྱུང་བ་དང་། ཁུལ་ཡོངས་ཀྱི་རྒྱ་བོད་སྨན་རྫས་ཀྱི་དྲྭ་ཚུགས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཕྱོགས་ཡོངས་སུ་རྒྱ་བོད་སྨན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཕྱིར་སྟོན་བྱས། དཀར་མཛེས་ཁུལ་ཟུར་ལུགས་བོད་སྨན་རིག་གནས་འགྲེམས་སྟོན་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུའི་ལས་ཀ་འཐུས་སྒོ་ཚང་དུ་གཏོང་ཞིང་། ཆེད་རམས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་འགྲེམ་སྟོན་ལྟེ་གནས་སུ་ལྟ་ཞིབ་བྱེད་སར་ཕེབས་པར་གདན་འདྲེན་ཞུས་པ་རེད།། 


  • ལེ་ཚན་སྔོན་མ།:ཁེ་ལས་གྲགས་ཅན་དཀར་མཛེས་ཁུལ་དུ་སྐྱོད་ཅེས་པའི་འོས་སྦྱོར་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:དུང་དཀར་ལུང་པའི་ལྗོངས་ཁུལ་དུ་ཨང་ཀིའི་གློག་བརྙན་ཁང་དང་པོ་བསྐྲུན་ཡོད།
  • དོ་སྣང་ཆེ་བའི་རྩོམ།