ལྷ་འཛོམས་ཀྱིས་བསྒྱུར། 2017-09-04
ཟླ་བ8པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དར་མདོ་དང་ལྕགས་ཟམ། དུང་དཀར་ལུང་པ་བཅས་སུ་ཕེབས་ཏེ་ཁོར་ཁུར་སྲུང་སྐྱོང་གནད་དོན་དག་བཅོས་དང་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀ་སྐུལ་འདེད་གཏོང་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་གནང་བ་རེད། ཁོང་གིས་གསུངས་དོན། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་ཆགས་པ་བྱས་ཏེ་ནན་ཏན་གྱིས་ཁུལ་སྐབས་བཅུ་གཅིག་པའི་ཚང་འཛོམས་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་ལེན་དོན་འཁྱོལ་མཐར་ཕྱིན་བྱེད་ཅིང་། འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་ཟབ་མོ་བྱས་ནས་རྒྱུན་ཆད་མེད་པར་ཡུན་རིང་བདེ་འགོད་ཀྱི་རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏང་དགོས། ཤུགས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་དམ་འཛིན་ཡག་མོ་བྱས་ཏེ་ཁྱོན་ཡོངས་ནས་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏང་དགོས།
ལིའུ་ཁྲེང་མིང་ལྷན་ཕེབས་བཅས་པས་སྔོན་རྗེས་སུ་དར་མདོའི་གྲོང་ཁྱེར་གྱི་གུར་དྲག་གྲོང་རྡལ་དང་ལྕགས་ཟམ་རྫོང་གི་ནས་འབྲུ་སྒང་དང་རི་མཇུག་གྲོང་རྡལ། ཞིན་ལུང་གྲོང་རྡལ་གྱི་ཧྲན་ཧྲེན་ཨ་འདམ་བཟོ་གྲྭ འབོ་ཞབས་གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་བྱེད་ཁང་། དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་དོ་དམ་ཅུས་བཅས་སུ་ཕེབས་ནས་ཡུལ་དངོས་སུ་ལྟ་སྐོར་དང་དཔྱད་གཞིའི་ཡིག་རིགས་ལ་ལྟ་བ། གནས་ཚུལ་དྲིས་རྟོགས་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཞུ་གཏུག་གནད་དོན་དག་བཅོས་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀར་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།
ལིའུ་ཁྲེང་མིང་གིས་བླང་བྱ་བཏོན་དོན། ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་ལས་ཀ་ནན་ཏིག་བསྒྲུབས་ཏེ་ཆུ་དཔོན་ལམ་ལུགས་ལ་སྐུལ་འདེད་ཏན་ཏིག་གཏང་དགོས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ལ་བསུ་མ་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁོར་ཡུག་གི་མངོན་གསལ་དོད་པོའི་གནད་དོན་ཞིབ་བསྡུར་བྱས་ནས་མགྱོགས་མྱུར་དུ་དག་བཅོས་བྱ་དགོས། མུ་མཐུད་ནས་སྐོར་སྐྱོད་ཞིབ་བཤེར་ལྐོག་འདྲི་བྱས་ཤིང་། འགན་འཁྲིའི་སྡེ་ཚན་དང་འགན་ཁུར་པ། དག་བཅོས་བྱེད་ཐབས། དག་བཅོས་དུས་བཀག་བཅས་གསལ་པོ་བྱས་ཏེ་དུས་བཀག་ནང་དག་བཅོས་ཐུབ་པ་བྱ་དགོས། ཁོར་ཡུག་སྲུང་སྐྱོང་དང་འཕེལ་རྒྱས་གཏང་རྒྱུ་ཕྱོགས་གཉིས་ཀ་དམ་འཛིན་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ཁོར་ཡུག་སྲུང་སྐྱོང་གནད་དོན་དག་བཅོས་བྱེད་པ་དང་སྦྲགས། ལྗོང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་མགྱོགས་མྱུར་དུ་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས། ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་རིམ་པ་དེད་དེ་འགན་འཁྲི་དཀྲི་པ་དང་དཔེ་རིས་བཀལ་ནས་ལས་ཀ་གཉེར་བ་བཅས་བྱས་ཏེ་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀ་ཁག་དོན་ཐོག་འཁྱོལ་བར་ཁག་ཐེག་བྱ་དགོས། རང་ཁུལ་གྱི་མངའ་ཁོངས་ནང་གི་ཆུ་བོར་སྐོར་སྐྱོད་ཞིབ་བཤེར་དང་ལྟ་སྐུལ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་འགོ་ནས་དོ་དམ་བྱ་རྒྱུར་དམ་འཛིན་ཡག་མོ་བྱས་ཏེ་ས་ཁུལ་དུམ་བུ་བགོས་ཏེ་འགན་དཀྲི་པ་བཅས་བྱས་ཏེ་ཁུལ་གྱི་མངའ་ཁོངས་ནང་གི་ཆུ་བོའི་ཁོར་ཡུག་ཉེན་མེད་ཡོང་བར་འགན་སྲུང་བྱ་དགོས། སློབ་གསོ་དང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ཏེ་གླེང་ཕྱོགས་ཁྲིད་སྟོན་ཡག་མོ་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་མི་རྣམས་ལ་རང་རྟོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་ནང་ཞུགས་བཅུག་པ་དང་། དམངས་ཡོངས་ཆུ་བོ་སྲུང་སྐྱོང་གི་བྱ་སྤྱོད་ནང་དུ་ཞུགས་པའི་རྣམ་པ་ཡག་མོ་ཞིག་ཆགས་པ་བྱ་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10