“དམངས་ཕྱུག་གནས་ཚད”གཏན་འཁེལ་བྱས་ཏེ་ཕྱུག་འགྱུར་གྱི་སྒོ་མོ་ཕྱེ།

ཀུན་དགའ་བསམ་གཏན་གྱིས།        2020-07-06

རང་ཁུལ་གྱིས་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱས་ཏེ་ཐོན་ལས་དམངས་ཕྱུག་གི་ལམ་བུའི་ཐོག་བསྐྱོད་པར་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་།


“དམངས་ཕྱུག་གནས་ཚད”གཏན་འཁེལ་བྱས་ཏེ་ཕྱུག་འགྱུར་གྱི་སྒོ་མོ་ཕྱེ།

ལི་ཐང་རྫོང་ལྷ་མགོའི་མེ་ཏོག་མཚེའུ་ཡོད་ས་ནི་སྔོན་ཆད་ཐང་རྒོད་ཅིག་ཡིན་ཞིང་། ད་ཆ་རྩྭ་རྩི་ཤིང་དང་མེ་ཏོག མཚེའུ་སོགས་ཡོད་པའི་སྤྱི་གླིང་ཞིག་ཏུ་གྱུར་ཡོད་པས་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད།

  ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས“སྔོ་ལྗང་མཛེས་སྡུག་ལ་བརྟེན་ནས་ཕྱུག་པོ་ཆགས་པའི”གནས་ཚད་གཏན་འཁེལ་བྱས་ཅིང་། སྐྱེ་ཁམས་ཁོར་ཡུག་དང་འགྲིམ་འགྲུལ་འཛུགས་སྐྲུན་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རི་ཀླུང་སྔོན་ཞིང་ཆུ་རྒྱུན་དྭངས་བའི་མཛེས་ཉམས་སྲུང་འཛིན་བྱས་ནས་དམངས་ཕྱུག་ཐོན་ལས་དང་ཁུལ་སྟོབས་ལྡན་གྱུར་པའི་བྱ་གཞག་གཉིས་ཀར་ཕན་པའི་ལམ་བུར་བསྐྱོད།

སྐྱེ་ཁམས་དང་ལྗང་མདོག་ཟུང་འབྲེལ་བྱས་ནས་ཐོན་ལས་དར་རྒྱས་གཏོང་།

   དཔལ་ཡུལ་རྫོང་རྒྱལ་དབང་ནགས་ཚལ་སྲུང་སྐྱོང་དོ་དམ་ཅུས་ཀྱི་འབར་རོང་ནགས་རར་དཔྱིད་ཀྱི་དཔལ་ཡོན་རྒྱས། བེ་ནགས་མེད་ན་བེ་ཤ་ཐོན་ས་ག་ན་ཡོད། དཔྱིད་དུས་ཀྱི་མེ་ཟོན་འགན་འཁྲི་ལྗིད་པོ་ཡིན་པས་ཧ་རི་ཧུ་རི་ཏོག་ཙམ་ཡང་བྱེད་མི་ཕོད། འབར་རོང་ནགས་རའི་ཏང་ཀྲི་པུའི་ཧྲུའུ་ཅི། ནགས་རའི་མགོ་འཛིན། ཤིང་འཛུགས་ནགས་བཟོ་ར་བའི་ལག་རྩལ་ལྟ་སྐུལ་མཛུབ་ཁྲིད་པ་ཝུའུ་ལིན་ཉིན་ལྟར་ནམ་ལངས་མ་ཐག་མལ་ལས་ལངས་ཏེ་གཙང་མདོ་སྡོང་ཕྲུག་རྟེན་གཞིར་སོང་ནས་སྡོང་ཕྲུག་གི་སྐྱེ་ཚུལ་ལ་བལྟས་པས་མ་ཚད་རྒྱང་རིང་གི་ནགས་ཚལ་ལ་སྐོར་ཞིབ་ཀྱང་བྱེད་བཞིན་ཡོད།

    དུས་ཚོད་ཅུང་ཙམ་འགོར་རྗེས་གཙང་མདོ་གྲོང་སྡེའི་ཞིང་འབྲོག་པ་ཚོས་ཀྱང་ལས་གནས་སུ་སླེབས་ཡོད། ཝུའུ་ལིན་གྱིས་ཁོ་ཚོ་དང་མཉམ་དུ་སྡོང་ཕྲུག་རྟེན་གཞིར་ནད་འབུ་འགོག་པ་དང་ཆུ་གཏོང་བ།རྩྭ་འཐུ་བ། ཡལ་ག་འབྲེག་པ་བཅས་བྱེད་ཀྱིན་ཡོད།

    སྔོན་ཆད་ཡིན་ན། སྣུམ་སོག་སྤྱོད་ཐེངས་རེར་གསེར་སྲང་ཁྲི་ཕྲག་ཡོང་ཡང་། ད་ཆ་ནི་འདི་འདྲ་ཞིག་མིན་པར་ནགས་ཚལ་སྲུང་སྐྱོང་བྱས་ན་རིན་ཐང་དེ་བས་མཐོ་བ་རེད། དེང་སང་དཔལ་ཡུལ་རྫོང་ནགས་ར་ཁག་གི་ནགས་ཁུལ་སོ་སོར་སྤུས་ལེགས་སྡོང་ཕྲུག་དང་རྒྱ་བོད་སྨན་རྩྭ། བཟའ་བཅའ་ཤ་མོའི་རིགས། ནགས་ཁྲོད་ཕྱུགས་འཚོ་དང་ཁྱིམ་བྱ་གསོས་ནས་ཡུལ་སྐོར་གསར་སྤེལ་སོགས་ནགས་ཁྲོད་ཐོན་ཁུངས་ཚང་མ་ནགས་ཁྲོད་རྒྱུ་ནོར་དུ་གྱུར་ཡོད།

    རི་བོ་ནི་སྔོན་ཆད་ཀྱི་རི་བོ་ཡིན་ཞིང་། ཆུ་བོ་ནི་སྔོན་ཆད་ཀྱི་ཆུ་བོ་ཡིན་ན་ཡང་སྐྱེ་ཁམས་ཀྱི་ཕན་འབྲས་ནི་སྔར་དང་གཏན་ནས་མི་འདྲ་བ་རེད། དཔལ་ཡུལ་རྫོང་རྒྱལ་དབང་ནགས་ཚལ་སྲུང་སྐྱོང་དོ་དམ་ཅུས་ཀྱི2020ལོའི་བསྡོམས་རྩིས་གཞི་གྲངས་ལས་མཚོན་པ་ལྟར་ན། ད་སྔ་རྫོང་དེའི་ནགས་ཚལ་ཁེབས་ཚད་བརྒྱ་ཆ43.1ལ་ཟིན་ཏེ་ནགས་ཚལ་གསོག་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་དང་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    དེ་བས་ཀྱང་འཐོབ་དཀའ་བ་ཞིག་ལ། ཁྲིམས་ལྟར་རྒྱལ་དབང་ནགས་ཚལ་དང་གསར་འཕར་སྤྱི་ཕན་ནགས་ཚལ་ལ་ལོ་འཁོར་ལ་དོ་དམ་སྲུང་སྐྱོང་བྱེད་པ་ཕུད། བསྡོམས་རྩིས་བརྒྱབ་ན་སྤྱི་ཕན་ནགས་ཚལ་མུའུ571408འཛུགས་སྐྲུན་ལེགས་གྲུབ་བྱུང་བས་མ་ཚད། རང་བྱུང་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། རིམ་རྩིས་བྱས་ན་ཚད་གཞི་ལོན་པའི་རིགས་སྣ་ཚོགས་ཀྱི་སྤུས་ལེགས་སྡོང་ཕྲུག་ཁྲི4000ཐོན་སྐྱེད་ཕྱིར་ཚོང་བྱས་ཏེ་ནགས་ཚལ་ཁྱབ་ཚད་ལོ་རེར་ཆ་སྙོམས་མུའུ2500ཡི་མྱུར་ཚད་ཐོག་ནས་མུ་མཐུད་མཐོ་རུ་ཕྱིན་བཞིན་ཡོད། 2007ལོར་སྐྱེ་ཁམས་དང་ཉེན་མེད་ཐོན་ལས་ཟུང་འབྲེལ་བྱས་པའི་དཔལ་འབྱོར་གྱི་བསམ་ཕྱོགས་གསར་པ་སྔར་བས་ཁ་གསལ་དུ་ཕྱིན་པར་མ་ཟད། དཔལ་ཡུལ་རྫོང་ཚྭ་ཆེན་སུམ་མདོ་སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་། དཔལ་ཡུལ་རྫོང་ཚྭ་ཆེན་ཆེན་སུམ་མདོ་མགྲོན་ཁང་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་། དཔལ་ཡུལ་རྫོང་བོད་ཀྱི་ཐོན་རྫས་ཞིང་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་།མཐོ་སྒང་གི་ཞིང་ལས་ཐོན་རྫས་གསར་སྤེལ་ཡན་ལག་སྤྱི་གཉེར་ཁང་། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་གསར་སྤེལ་ཡན་ལག་སྤྱི་གཉེར་ཁང་སོགས་སྔ་རྗེས་སུ་བཙུགས་ཏེ། མགྲོན་ཁང་གཉེར་སྐྱོང་ཞབས་ཞུ་དང་རྒྱ་བོད་སྨན་རྩྭ་འདེབས་འཛུགས། བོད་ཕག་གསོ་སྤེལ། འཁྱག་སྦྲེལ་ཟོག་འདྲེན་སྡེབ་སྐྱེལ། རི་སྐྱེས་ཤ་མོའི་རིགས་འཚོལ་བསྡུ་ལས་སྣོན། སྐྱེ་ཁམས་ནགས་ཚལ་ཡུལ་སྐོར། སྡོང་ཕྲུག་གསོ་སྐྱོང་སོགས་ཐོན་ལས་ལས་གཞི་མང་པོ་ཁྱོན་ཡོངས་ནས་སྤེལ་ཡོད།2017ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི6325ལ་ཟིན་ཡོད། ཁེ་སྤོགས་སྒོར་ཁྲི780རག་ཡོད་པ་དང་ཁྲལ་འབབ་སྒོར་ཁྲི80ལྷག་ཙམ་སྤྲད་ཡོད་པ་རེད།

   རོང་འགེབས་ཡུལ་ཤོག་རྫོང་ཤོད་གྲོང་སྡེའི་གཞིས་མི་བཀྲ་ཤིས་མཚོས་ངེད་ཚང་གི་ས་ཞིང་མུའུ16བོགས་གླ་བཏང་ནས་ལོ་ལྟར་བོགས་དངུལ་སྒོར་ཁྲི1.6རག་པ་དང་། ང་ཚོས་ད་དུང་རྟེན་གཞིར་གླ་བརྒྱབ་ནས་ལོ་གཅིག་གི་ཡོང་འབབ་ཉུང་མཐའ་ཡང་སྒོར་ཁྲི2.4རག་གིན་ཡོད་ཅེས་བཤད།

    བཀྲ་ཤིས་མཚོས་གསར་འགོད་པར་སྔོན་ཆད་ངེད་ཚང་ནི་གྲོང་སྡེའི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ཞིང་། ཁྱིམ་མི7གྱི་ནང་ནས་ངལ་རྩོལ་ནུས་ཤུགས2མ་གཏོགས་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡིན། དཔལ་ཡུལ་རྫོང་རྒྱལ་དབང་ནགས་ཚལ་སྲུང་སྐྱོང་དོ་དམ་ཅུས་ཀྱིས་རྒྱ་བོད་སྨན་རྩྭའི་རྟེན་གཞི་བཙུགས་པ་ནས་བཟུང་ས་ཞིང་བོགས་གླ་གཏོང་བ་དང་ཐག་ཉེ་སར་ལས་ཀ་བྱེད་པའི་ལས་གཞི་གཉིས་ཁོ་ནར་བརྟེན་ནའང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར6000ཙམ་རག་ཐུབ་སོང་ཞེས་བཤད།

    དཔལ་ཡུལ་རྫོང་རྒྱལ་དབང་ནགས་ཚལ་སྲུང་སྐྱོང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལིའུ་ཞའོ་ལིན་གྱིས་ཤིང་རྒྱུ་མིན་པའི་ཐོན་ལས་གསར་སྤེལ་བྱས་ནས་ཕྱུག་པོ་ཆགས་ཐུབ་པ་དེ་དོན་དངོས་ལས་ར་སྤྲོད་བྱུང་ཡོད། སྐྱེ་ཁམས་ཐོན་ཁུངས་ཀྱི་ཡོང་འབབ་ལ་བརྟེན་ནས་མཐའ་འཁོར་གྱི་གཞིས་མི་སྐྱོང་དགོས། མི་སེར་ལ་སྐྱེ་ཁམས་སྲུང་སྐྱོང་ཁྲོད་ནས་ཁེ་ཕན་རག་ཏུ་བཅུག་སྟེ་ཁོ་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དེ་བས་ལེགས་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དགེ་མཚན་ལྡན་པའི་མཉམ་འགུལ་གྱི་ཕན་ཡོད་འཁོར་རྒྱུག་ཆགས་པར་བྱ་དགོས་ཅེས་བཤད།

     རང་ཁུལ་ནི་འབྲི་ཆུ་དང་རྨ་ཆུའི་འབྱུང་ཡུལ་དུ་གནས་པ་དང་ནགས་ཚལ་ཐོན་ཁུངས་ཀྱིས་ཞིང་ཆེན་དེ་ཡོངས་ཀྱི་བསྡུར་གྲངས་ཀྱི་བཞི་ཆ་གཅིག་ལྷག་ཙམ་བཟུང་ཡོད། རང་བྱུང་རྩྭ་རའི་རྒྱ་ཁྱོན་གྱིས་སི་ཁྲོན་ནུབ་བྱང་གི་ཕྱེད་ཀ་ཡན་ཟིན་གྱི་ཡོད་པ་དེ་ནི་མཚོ་བོད་མཐོ་སྒང་གི“ཆུའི་མཐོ་ལྕོག”གི་ལྟེ་གནས་གྲུབ་ཆ་ཞིག་ཡིན། སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་ཁུལ་ཧུར་ཐག་བཏོད་ཡོད། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང“རི་རྩེར་ཤིང་ནགས་འཛུགས་པ། རི་སྐེད་འབྲས་ཤིང་འཛུགས་པ། རི་འདབས་ལོ་ཏོག་འདེབས་པ”བཅས་ཀྱི་ཕྱོགས་བསྡུས་སྐྱེ་ཁམས་ཆགས་ཚུལ་བསྐྱངས་ཡོད་ཅིང་། རིམ་རྩིས་བྱས་ན་ནགས་ཚལ་གླིང་ག11དང་འདམ་རའི་གླིང་ག17ལ་ཆོག་མཆན་ཐོབ་པ་དང་ནགས་ཚལ་ཁྱབ་ཚད་དང་རང་བྱུང་རྩྭ་ཐང་ཆ་སྙོམས་ཁྱབ་ཚད2015ལོ་དང་བསྡུར་ན་ཁག་བགོས་ནས་བརྒྱ་ཆ1.32དང4.87འཕར་ཡོད། ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ2817.32ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་སྐྱེ་ཁམས་དཔལ་འབྱོར་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། རི་ཞིང་མུའུ་ཁྲི145ལྷག་ཙམ་དང་གཞུང་ལམ་གཡས་གཡོན་ལ་མེ་ཏོག་བཏབ་པའི་རིང་ཚད་བསྡོམས་འབོར་སྤྱི་ལེ2200དང་གཙང་པོ་མཚེའུ་རུ་བསྒྱུར་བ(འདམ་ར)མུའུ་ཁྲི3ལྷག་ཙམ་བཅས་ལེགས་གྲུབ་བྱུང་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ཡོད་པ་རེད།

 མཐོ་སྒང་བོད་ཁུལ་དུ་འགྲིམ་འགྲུལ་བདེ་བགྲོད་ཐུབ།

  སྤྱི་ཟླ6པའི་ཚེས21ཉིན་གྱི་སྔ་དྲོར། དར་མདོ་གྲོང་ཁྱེར་ར་འཕེལ་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱིན་ཅི་ལིན་གྱིས་དྲྭ་རྒྱའི་ཐོག་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་འཛད་སྤྱོད་པར་ཐད་གཏོང་བྱས་ཏེ་སེའུ་དམར་པོ་ངོ་སྤྲོད་བྱེད་བཞིན་འདུག

ཉིན་དེའི་ཕྱི་དྲོར། ཕྱག་ཕྲེང་རྫོང་བདེ་གླིང་དཔལ་འབྱོར་གླིང་ཤིང་འབྲས་སྤྱི་གཉེར་ཁང་གི་སྤྱི་ཁྱབ་མགོ་འཛིན་ཀྲོའུ་ཅུན་ཆིང་གིས་ཕྲེང་སྟོད་གྲོང་རྡལ་བོད་ཡུལ་ཞིང་རར་གནས་པའི“མུའུ་ཁྲི་ཡི་ཤིང་འབྲས་ལྡུམ་རའི”ནང་ལག་འཁྱེར་ཁ་པར་སྤྱད་དེ་རྒྱལ་ཡོངས་ཀྱི་སྟོབས་ལྡན་ཤིང་འབྲས་ཚོང་པ་གདན་དྲངས་ནསཡུལ་གྲོང་གི་ཀུ་ཤུའི་སྤུས་རྟགས་གཏོད་པའི་ནང་ཞུགས་ཏེ་པགས་སྲབ་ལ་བཅུད་ཆུ་མང་བ་དང་ཤིང་འབྲས་ཀྱི་ཤ་སྙི་མོ་ཡིན་པ། སོ་སོར་དྲི་ཞིམ་འཐུལ་བ། རྒྱལ་ཡོངས་ལ་བསྐུར་གླ་སྤྲོད་མི་དགོས་ཞེས་པའི་གནས་ཚུལ་ཐད་གཏོང་བྱས་པ་རེད།

    ཐད་གཏོང་དང་དྲྭ་རྒྱའི་ཐད་ཚོང་སོགས་རྒྱལ་ཡོངས་སུ་ཁྱབ་བའི་ཕྱིར་ཚོང་བྱེད་སྟངས་དེ་གངས་ལྗོངས་ས་མཐོར་ཁྱབ་ཡོད། གཞི་རིམ་གྱི་ལས་བྱེད་པ་གཅིག་རྗེས་གཉིས་མཐུད་ངང“དྲྭ་རྒྱའི་ལེ་ཚན་གཙོ་བོར”གྱུར་ཡོད་པས་ཁོང་ཚོ་རི་ཁྲོད་ནས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་བཞིན་ཡོད།

“ཉིན་གསུམ་ནང་ཚུན་དུ་ཚོང་ཟོག་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་དབོར་ཐུབ་ཀྱི་ཡོད། ད་ཆ་ཁྲེང་ཏུའུ་རུ་འཁྱགས་སྦྲེལ་གསོག་མཛོད་ཅིག་བསྐྲུན་ནས་སྐྱེལ་འདྲེན་སྟབས་བདེ་ཡོང་བ་བྱེད་རྩིས་ཡོད། ལོ་གསུམ་གྱི་ཡར་སྔོན་དུ། རང་ཁུལ་གྱིས་ཁྱད་ལྡན་ཐོན་རྫས“རི་ཁུལ་དུ་རུལ་བའི”གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད། ཐོན་རྫས་གསར་པ་ནང་འདྲེན་བྱས་ནས་ཤིང་འབྲས་འདེབས་འཛུགས་བྱ་རྒྱུ་ནི་ཞིང་པ་ཚོས་བསམ་བློ་གཏོང་མི་ཕོད་པའི་བྱ་བ་ཞིག་ཏུ་གྱུར།

    འགྲིམ་འགྲུལ་ནི་རྒྱལ་དམངས་དཔལ་འབྱོར་གྱི་“བགྲོད་ལམ་ཆེན་པོ”དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“སྣེ་སྐྱོད་དཔོན་པོ”ཞིག་ཡིན། ས་རྒྱ་ཆེ་ཞིང་མི་འབོར་ཉུང་བའི་རང་ཁུལ་དུ་འགྲིམ་འགྲུལ་འཕེལ་རྒྱས་ཧ་ཅང་གལ་ཆེན་ཡིན་མོད། འོན་ཀྱང་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་འཕེལ་རྒྱས་སོགས་རྒྱུ་རྐྱེན་མང་པོའི་ཚོད་འཛིན་ཕོག་པའི་རྐྱེན་གྱིས་རྗེས་ལུས་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ནི་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ཅིག་རེད་འདུག དེས་ན་འགྲིམ་འགྲུལ་ཆ་རྐྱེན་ཕྱོགས་ཡོངས་མཐོ་རུ་གཏོང་རྒྱུ་ནི་རང་ཁུལ་གྱིས་དུས་རབས་གསར་པར་འཕེལ་རྒྱས་གསར་པ་མངོན་འགྱུར་བྱེད་པའི་འགྲོ་ལམ་ལྡོག་མེད་ཅིག་ཀྱང་ཡིན་པ་རེད།

    ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ཡོང་བ་དང་ཡུལ་སྐོར་གསར་སྤེལ་བྱེད་པ། འགྲིམ་འགྲུལ་སྔོན་ལ་སྤེལ་དགོས་པ་ནི་ལྡོག་མེད་གནས་ཚུལ་ཞིག་རེད་འདུག 2016ལོར་ཕྱི་མིག་བལྟས་ཚེ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་ཀྱི་གདོང་མཆོང་དུང་བརྡ་གྲགས་པས་མ་ཚད་འཁྱགས་གཏོར་བྱེད་པའི་ཆོད་སེམས་བཅངས་ནས་དཀར་མཛེས་ཁུལ་གྱིས་སླར་ཡང་རྗེས་ལུས་ཀྱི་འགྲིམ་འགྲུལ་ལ་དམག་བརྡ་བཏང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས“འགྲིམ་འགྲུལ་སྔོན་ལ་ལག་བསྟར་བྱེད་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས། རེས་སྐོར་གསར་པའི་འགྲིམ་འགྲུལ་འཛུགས་སྐྲུན་ལོ་གསུམ་གྱི་གཅིག་སྡུད་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དཀར་མཛེས་ཁུལ་འདི་ཉིད་སི་ཁྲོན་ནུབ་བྱང་གི་ས་ཁོངས་རང་བཞིན་གྱི་འགྲིམ་འགྲུལ་ལྟེ་གནས་དང་། གཞུང་ལམ་དང་གནམ་གྲུ་ཐང་། ལྕགས་ལམ་སོགས་འགྲོ་འོང་ཐོགས་མེད། ཕན་ཚུན་འབྲེལ་མཐུད། བདེ་འཇགས་དང་སྟབས་བདེ་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་བསྐྲུན་དགོས་ཅེས་གསུངས།

     གནས་མཆོག་དཀར་མཛེས་ཀྱི་ས་ཁོངས་ཡོངས་སུ་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་དེ་དག་རེ་རེ་བཞིན་དུ་ཟིན་ཐོར་འགོད་བཞིན་ཡོད། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་ཕུག་ལམ་རིང་ཤོས་ཁྲོ་ལ་ཕུག་ལམ་དུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ཡོད། དཀར་མཛེས་བོད་རིགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་པོ་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་སྔ་སྣུར་དུ་ཤར་གཏོང་ཐུབ་ཡོད། དཀར་མཛེས་གེ་སར་གནམ་ཐང་དུས་ཡུན་ལོ་གསུམ་རིང་ལ་བསྐྲུན་ནས་གནམ་གྲུ་ཤར་གཏོང་ཐུབ་ཡོད། འབྱུང་འགྱུར་དུ་རྒྱལ་ཁབ་ཀྱིAལྔ་རིམ་པའི་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་ལམ་ཆེན་ལྕགས་ཟམ་རྫོང་ནས་ཧྲི་མན་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་མགོ་ཚུགས་རྒྱུ་ཡིན་པ་རེད། ཁུལ་ཡོངས་ཀྱི་གྲོང་སྡེ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི2.9ལ་ཟིན་ཡོད། ཡུལ་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་སྡེར་ཤར་གཏོང་ཐུབ་ཚད་ཆ་སྙོམས་བརྒྱ་ཆ100ལ་ཟིན།ཤར་གཏོང་ཐུབ་ཚད་སོ་སོར་བརྒྱ་ཆ100དང99.96ཟིན་ཡོད་པ་རེད།

    ཞིབ་རྩིས་བརྒྱབ་ན། 2009ནས2020ལོའི་བར། རེས་སྐོར་བཞིའི“སྐུལ་འདེད”བཏང་ནས་དཀར་མཛེས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ལ་རམ་འདེགས་བྱས་པ་དང་མྱུར་བགྲོད་གཞུང་ལམ་ལས་གཞི3གྱི་སྤྱི་ལེ158དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་སོགས་ལས་གཞི55སྤྱི་ལེ5352 གྲོང་སྡེའི་གཞུང་ལམ་ཤར་གཏོང་ཐུབ་པའི་ལས་གྲྭ་སྤྱི་ལེ31217 འགྲུལ་སྐྱེལ་ས་ཚུགས1323བཅས་འཆར་འགོད་ལག་བསྟར་བྱས། འཆར་གཞི་ལྟར་ན་མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར1037ལ་ཟིན་པ་རེད།

    འཛམ་གླིང་ཐོག་ཆེས་མཐོ་ཤོས་ཀྱི་ཁྲོ་ལའི་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་དང་ལྷོ་ནུབ་ཀྱི་ཕུག་ལམ་ཨང་དང་པོ་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཨེར་ལང་རི་བོའི་ཕུག་ལམ། སི་ཁྲོན་གྱི་ཟམ་ཆེན་ཨང་དང་པོ་བཅས་ཚང་མ་ཟིན་ཐོ་གསར་པ་བཏོད་པའི་རིམ་འདས་ལས་གྲྭ་ཤ་སྟག་རེད། ཉེ་བའི་ལོ་ཤས་རིང་གི་འགྲིམ་འགྲུལ་འཕེལ་རྒྱས་སྐོར་གླེང་སྐབས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཝང་ཆང་གིས་བསྟུད་མར“རྒྱལ་ཁབ་ཆེན་པོའི་འདུ་འགོད”འགའ་དྲངས་ནས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་སུ་ཕྱིན་པ་ར་སྤྲོད་བྱས་ཡོད། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དཀར་མཛེས་ཀྱི་འགྲིམ་འགྲུལ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། དམངས་འཚོའི་རྩིས་ཐོ་རེ་རེ་བཞིན་དོན་འཁྱོལ་བྱུང་བ་དང་ཁྲོན་བོད་ལྕགས་ལམ(དཀར་མཛེས་དུམ་བུ)ཡང་ལས་མགོ་འཛུགས་གཉེར་ཡོད།

    2012ལོ་ནས་བཟུང་ཉག་ཆུ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར24.3བཏང་ནས་འགྲིམ་འགྲུལ་ལས་གཞི189བསྐྲུན་ཡོད། སྤྱིའི་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ1684.48ལ་ཟིན་ཡོད།2019ལོའི་ཟླ་བ12ཚེས19ཉིན། སྨུག་རོང་ཡུལ་ཤོག་ནས་ཡུལ་ཤོག་བར་གྱི་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དེས་སི་ཁྲོན་ཞིང་ཆེན་གྱིས་ཡུལ་གྲོང་བརྒྱ་ཆ100ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ་མཚོན་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ལས་འཛིན་དབྱང་ཀྲི་ཡོན་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:མཚོ་བོད་མཐོ་སྒང་གི་མཚེའུ་ནས་ལོ་ལྟར་ཚྭ་མེད་ཆུ་ཏུན་དུང་ཕྱུར517རླངས་འགྱུར་བྱས།
  • དོ་སྣང་ཆེ་བའི་རྩོམ།