མི་ཚེ་གླིང་སྒྲུང་དང་འགྲོག་བཞིན་པའི་ཞིབ་འཇུག་པ་ཞིག

        2020-06-19

མི་ཚེ་གླིང་སྒྲུང་དང་འགྲོག་བཞིན་པའི་ཞིབ་འཇུག་པ་ཞིག

ལོ180ལྷག་གི་སྔོན་དུ། ཇར་མན་གྱི་གནའ་གཞུང་མཚན་ཉིད་རིག་པའི་འཐུས་ཚབ།ཆབ་སྲིད་མཚན་ཉིད་རིག་པ། གནའ་གཞུང་མཛེས་ཆོས་རིག་གཞུང་གི་སྙིང་བཅུད་ཕྱོགས་བསྡུས་བྱེད་མཁན་ཧེ་ཀེར་ཨར་གྱིས་ཀྲུང་གོར་ལོ་རྒྱུས་མཚོན་པའི་སྙན་ངག་མེད་ཅེས་པའི་ཆོད་གཏམ་བསྒྲགས་པ་ནི་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་མེད་པའི་སྐད་ཆ་ཞིག་ཏུ་གྱུར་ཡོད་པ་རེད།ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་གྱི་གེ་སར་རིག་པའི་ཆེད་མཁས་པ་དང་གེ་སར་རིག་པའི་ཞིབ་འཇུག་ལས་སྒྲུབ་པས་རྒྱུན་ཆད་མེད་པར་རིན་ཐང་ཡོད་པའི་ཞིབ་འཇུག་བརྩམས་ཆོས་དང་དཔེ་དེབ་འགྲེམས་སྤེལ་བྱས་པར་བརྟེན།ཧེ་ཀེར་ཨར་གྱིས་ཀྲུང་གོར་བཤད་པའི་སྐད་ཆ་དེ་ནོར་འཁྲུལ་ཅན་ཡིན་པ་ཀུན་གྱིས་ངོས་འཛིན་ཐུབ།

2009ལོར 《གླིང་གེ་སར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ》བརྒྱུད་འཛིན་བྱུང་བ་འདི་ནི་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་པས།མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་བཞག་པ་རེད།

གླིང་སྒྲུང་ལ་བརྩོན་ཞིབ་བྱས་ནས་མི་ཚེའི་ཁ་ཕྱོགས་རྙེད།

ལིའུ་ཨན་ཆོན་སློབ་མ་ཡིན་སྐབས་སྙན་ངག་ལ་ཧ་ཅང་དགའ་པོ་ཡོད་པས།རྗེས་སོར་ཁོ《གེ་སར་རྒྱལ་པོའི་སྒྲུང》དང་འཕྲད་སྐབས་གཞི་ནས་རྗེས་མཐུད་ཀྱི་གཏམ་རྒྱུད་བྱུང་ཡོད།

1979ལོར་ལིའུ་ཨན་ཆོན་སྡེ་དགེ་རྫོང་གྲོང་ཁུལ་སློབ་ཆུང་དུ་ལས་བགོས་བྱས་ཤིང་སློབ་གྲྭ་དེར་དགེ་རྒན་གྱི་བྱ་བ་བསྒྲུབས།ཉིན་ཞིག་གི་དགོང་མོར་སྒོ་སྲུང་ཚེ་དཔག་གིས་བླངས་པའི་གླིང་སྒྲུང་གི་གླུ་སྐད་ཞིག་ཁོའི་རྣམ་ལམ་དུ་ཐོས།ཐད་ཀར་སྒོ་སྲུང་ཁང་དུ་སོང་བས་སྒོ་སྲུང་ཚེ་དཔག་གིས་གེ་སར་སྒྲུང་གླུ་ལེན་བཞིན་ཡོད་པ་ཤེས།ཁ་བརྡ་ལབ་ཞོར་ཚེ་དཔག་གིས་འབྲེལ་ཡོད་གེ་སར་སྒྲུང་གླུ་ལེན་པའི་བོད་ཡིག་དཔེ་དེབ་དེ་དག་ཁོ་ལ་སྤྲད་པ་རེད།བོད་ཡིག་དཔེ་དེབ་ལ་བལྟས་ཚེ་ནང་དོན་ཅི་ཡིན་མི་ཤེས་མོད། འོན་ཀྱང་ལིའུ་ཨན་ཆོན་ལ་དགའ་སྤྲོ་ཚད་མེད་སྐྱེས་མྱོང་ཞིང་།ཁོང་གིས་སྨྱུག་འཛིན་པར་ངས་ད་དུང་ཚེ་དཔག་གི་གཞས་ཚིག་གོ་མི་ཐུབ་མོད། འོན་ཀྱང་ཚེ་དཔག་གི་གཞས་མ་གཏམ་ནི་ཧ་ཅང་ངོ་མཚར་ལྡན་པ་དང་བྱང་ཆུབ་པ་ཞིག་རེད་ཟེར།

དེའི་རྗེས་ཁོས་དཔེ་ཆ་ཞིག་འཚོལ་རྒྱུར་བྲེལ་ནས་རང་ཉིད་ཀྱི་འདོད་བློ་བསྐང་བསམ་ཀྱང་ལོ་རབས་དེའི་ནང་གེ་སར་གྱི་འབྲེལ་ཡོད་དཔེ་ཆ་འཚོལ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན།འགའ་ཞིག་ཡོད་རྒྱུ་དེ་ཡང་བོད་ཡིག་ཤ་སྟག་ཡིན་པས་ཁོས་བོད་ཡིག་མི་ཤེས། ཐབས་ལམ་དུ་མར་བརྒྱུད་མཐར།གྲོགས་པོ་ཚེ་རྡོར་གྱི་ལག་ནས་རྒྱ་ཡིག་གི《གླིང་སྒྲུང》པར་མ་ཞིག་ལོན་པ་རེད། དཔེ་དེབ་དེ་ནི་ཁོའི་ནོར་བུ་རྩ་ཆེན་ཞིག་ཏུ་གྱུར།གླིང་སྒྲུང་གི་དཔེ་དེབ་ཡོད་པས་ཁོ་སྙན་ངག་དང་གླིང་སྒྲུང་ལ་དེ་བས་དགའ་མཁན་ཞིག་ཏུ་གྱུར།

དེ་རྗེས་ཁོས་རྒྱ་གར་གྱི་ནང་བསྟན་ལོ་རྒྱུས་དང་།ཀྲུང་གོའི་ལོ་རྒྱུས། ཐུ་བྷོ་རྒྱལ་རབས་ཀྱི་ལོ་རྒྱུས། བན་བོན་གྱི་ལོ་རྒྱུས། གླིང་སྒྲུང་ལས《ཤན་འདན》དང་།《གླིང་སྒྲུང་རྣམ་བཤད་གནད་བསྡུས》《གེ་སར་རྒྱལ་པོ་དང་དཀར་མཛེས་ཁུལ》ཞེས་པ་སོགས་དཔེ་དེབ་མང་པོ་ཉོས་ནས་བཀླགས། ཁོམ་པ་ཅུང་ཙམ་ཡོད་དུས་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་དང་ཁྲེང་ཏུའུ་ཞིན་ཧྭ་དཔེ་མཛོད་ཁང་དུ་བསྐྱོད་དེ་མུ་མཐུད་ནས་གླིང་སྒྲུང་དང་།རྒྱལ་ཁབ་ཕྱི་ནང་གི་དཔེ་ཆ་དང་ལོ་རྒྱུས་སྙན་ངག་སོགས་ཞིབ་འཇུག་ལ་འབྲེལ་བ་ཡོད་པའི་བརྩམས་ཆོས་མང་པོ་བཀླགས།

ཉིན་ཞིག་ལ། ཧེ་ཀེར་ཨར་གྱི་མཛེས་ཆོས་རིག་པའི་དཔེ་ཆའི་ནང་ཀྲུང་གོར་ལོ་རྒྱུས་སྙན་ངག་མེད།ལོ་རྒྱུས་སྙན་ངག་མེད་པའི་མི་རིགས་ནི་རྗེས་ལུས་ཀྱི་མི་རིགས་ཤིག་ཡིན་ཞེས་བྲིས་ཡོད་པ་མཐོང་།ཁོས་ཧེ་ཀེར་ཨར་གྱི་སྐད་ཆར་དགག་ལན་དུ་གླིང་སྒྲུང་ནི་ལོ་རྒྱུས་སྙན་ངག་ཡིན་ཞེས་པའི་བརྩམས་ཆོས་ཤིག་བྲིས།སྐབས་དེར་དཀར་མཛེས་ཁུལ་གེ་སར་རིག་པ་ཞིབ་འཇུག་ཁང་གིས་རྩོམ་ཡིག་དེ་དབྱིན་ཐེ་དྲ་བའི་ཐོག་སྤེལ་པས་ཤུགས་རྐྱེན་ཆེན་པོ་བཞག་ཅིང་གྲགས་པ་རྒྱས།

1997ལོར་ལིའུ་ཨན་ཆོན་གྱིས་གླིང་སྒྲུང་དང་གླིང་སྒྲུང་གི་གནའ་ཤུལ་ཁག་ལ་དངོས་སུ་རྟོག་ཞིབ་བྱེད་མགོ་ཚུགས།

ཐོག་མར་སྡེ་དགེ་རྫོང་མཁར་ནས་སྤྱི་ལེ200ལྷག་རྒྱང་བའི་ཕོ་བྲང་སེང་འབྲུག་སྟག་རྩེ་ཡོད་སའི་མགུ་ཟུ་ཡུལ་ཤོག་ཏུ་སོང་།ས་གནས་དེ་གར་བཅར་འདྲི་དང་རྟོག་ཞིབ་བྱས་ནས《ཕོ་བྲང་སེང་འབྲུག་སྟག་རྩེ》ཞེས་པའི་བརྩམས་ཆོས་ལེགས་འགྲུབ་བྱུང་།

2004ལོར། ལིའུ་ཨན་ཆོན་ལས་འཁྱུར་ངལ་གསོ་བྱས་ནས་གླིང་སྒྲུང་གི་གནའ་ཤུལ་དང་ཤུལ་བཞག་དངོས་པོ་རེ་རེར་རྟོག་ཞིབ་བྱས།

རི་ཀླུང་དང་ཡུལ་གྲུ་བརྒྱུད་ནས་ལོ་རྒྱུས་རྗེས་ཤུལ་འཚོལ།

2019ལོའི་སྤྱི་ཟླ8པར།ལོ་ན70ལོན་པའི་ལིའུ་ཨན་ཆོན་གྱིས་ཁམས་པའི་ཡུལ་སྐོར—གེ་སར་གྱི་ཞབས་རྗེས་འཚོལ་བའི་རྟོག་ཞིབ་བྱེད་སྒོ་ཆེ་གྲས་ནང་ཞུགས་ནས་ཉིན11ནང་ཞིང་ཆེན་བཞི་དང་ཁུལ་དྲུག།རྫོང་བཅུ་དགུ་བརྒྱུད་ཡོད་པ་རེད།

ཁོ་ཐེངས་མང་པོར་མདོ་ཁམས་ཡུལ་གྲུའི་ཁྲོད་ཀྱི་གླིང་དང་འབྲི་ཆུ་འབབ་རྒྱུད་ཀྱི་དཔའ་ཐུལ་སུམ་ཅུའི་མཁར་རྫོང་གི་རྗེས་ཤུལ།རྨ་ཆུ་འབབ་རྒྱུད་ཀྱི་ཇོ་རུ་རྒྱང་ཕུད་གཏོང་བའི་ས་གནས་སོགས་སུ་ཡུལ་དངོས་རྟོག་ཞིབ་བྱས།

2002ལོའི་སྤྱི་ཟླ10པར། མགུ་ཟུ་དགོན་པའི་སྤྲུལ་སྐུ་གཡང་དགའ་སོགས་དང་མཉམ་དུ་སྡེ་དགེ་རྫོང་དང་སེར་ཤུལ་རྫོང་གི་གེ་སར་གནའ་ཤུལ་ཁག་ཏུ་ཕེབས་ནས《གླིང་སྒྲུང》དུ་བཀོད་ཡོད་པ་ལྟར་ས་གནས་ཁག་ལ་རྟོག་ཞིབ་བྱས།ལིའུ་ཨན་ཆོན་གྱིས་སྨྱུག་འཛིན་པར་བཤད་རྒྱུར། 《གླིང་སྒྲུང》དུ་བཤད་ཡོད་པ་ལྟར་ཡུལ་དངོས་སུ་སོང་ནས་བསྡུར་ཚེ་གཅིག་མཚུངས་སུ་སྣང་བས་གླིང་སྒྲུང་ནི་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་འདུག་ཟེར།

པར་དབང་དེ་གོང་ལ་སྤྲད་ནས་དྲིན་གཟོའི་དམིགས་འབེན་འགྲུབ།

2017ལོའི་སྤྱི་ཟླ8ཚེས20ཉིན།གླིང་གི་དཔའ་ཐུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་ལ་རྟོག་ཞིབ་བྱ་ཆེད་ལིའུ་ཨན་ཆོན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་དུ་འབྱོར།སྐུ་གདུང་མཆོད་རྟེན་ཡོད་ས་ནི་མཚོ་འཕགས་སྨི5300ཡོད་ཅིང་གཡང་གཟར་ཡིན་ནའང་།ཁོ་དེར་བསྐྱོད་ནས་སྐུ་གདུང་མཆོད་རྟེན་གྱི་གནའ་ཤུལ་ཁག་རྟོག་ཞིབ་གནང་བ་རེད།

ལིའུ་ཨན་ཆོན་གྱིས་སྨྱུག་འཛིན་པར་བཤད་རྒྱུར།ང་ལ་རོགས་རམ་བྱས་མྱོང་བའི་གྲོགས་པོ་ཁྲོད་དུ། ལམ་ཁྲིད་མཁན། རྟ་ཁྲིད་མཁན། ཡུལ་མི། དགེ་རྒན་ཆེན་མོ།ཡོན་ཏན་ཅན། ཆེད་མཁས་བཅས་སོགས་ཡོད་པས་ཁོང་ཚོ་ནི་ང་ལ་སྐུ་དྲིན་ཆེན་པོ་ཡིན་ཟེར། མུ་མཐུད་ནས་བཤད་རྒྱུར།ངས《མདོ་ཁམས་སྙན་ངག་གི་བླ་སྲོག》ཅེས་པ་བྲིས་རྗེས་ཞིང་ཆེན་ཕྱི་ནང་གི་སློབ་ཆེན་མང་པོ་ཞིག་གིས་རིན་གོང་མཐོན་པོ་སྟེར་ནས་དཔེ་སྐྲུན་དབང་ཆ་ཉོ་འདོད་ནའང་ངས་དང་ལེན་བྱས་མེད།ངས་བལྟས་ན་དཀར་མཛེས་ས་གཞི་ཆེན་པོས་རང་ཉིད་གསོས་པས《མདོ་ཁམས་ཀྱི་སྙན་ངག་བླ་སྲོག》ནི་གེ་སར་གྱི་རྟོགས་སྙན་ངག་དང་རིག་གནས་ཞིབ་འཇུག་གི་ཆ་ཤས་ཤིག་ཡིན་པའི་ཆ་ནས་རྒྱལ་ཁབ་ལ་ཡར་སྤྲོད་རྒྱུ་ནི་རང་ཉིད་དམིགས་ཡུལ་ཡིན།《མདོ་ཁམས་ཀྱི་སྙན་ངག་གི་བླ་སྲོག》ཅེས་པའི་དེབ་འདི་མི་རྣམས་ཀྱིས་གེ་སར་གྱི་ལོ་རྒྱུས་སྙན་ངག་ཅིག་ལ་ངོས་འཛིན་མོད།ངས་ལོ་རྒྱུས་ཀྱི་དཔང་རྟགས་གལ་ཆེན་འགའ་ཞིག་དཔེ་དེབ་དེར་འབྲི་ཁོམ་མ་བྱུང་ལ།མ་འོངས་པར་མུ་མཐུད་ནས་གླིང་སྒྲུང་དང་འབྲེལ་ཡོད་ལ་ཞིབ་འཇུག་བྱ་ངེས་ཡིན་ཟེར། དེ་རྗེས་ཁོས་ཁམས་པའི་རིག་གནས་ཞིབ་འཇུག་ཁང་དང་མཉམ་འབྲེལ་བྱས་ཏེ་དཔེ་དེབ་དེ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད།

ཁོས་མཇུག་མཐར་གསར་འགོད་པ་ལ་བཤད་རྒྱུར།གལ་ཏེ་ངའི་སྐྱེ་བ་རྗེས་མར་མི་ལུས་ཤིག་བསྐྱར་དུ་ལེན་ཐུབ་ན། ངས་སྔར་བཞིན་གླིང་སྒྲུང་རྟོག་ཞིབ་ཀྱི་ལམ་བུ་འདི་འདེམས་སྲིད་ཅེས་བཤད།

ཡེ་ཤེས་ཀྱིས་བྲིས། 

རྣམ་སྲས་ལྷ་མོས་པར་བླངས།


  • ལེ་ཚན་སྔོན་མ།:དམངས་ཁྲོད་ནས་བཞད་པའི་སྒྱུ་རྩལ་གྱི་མེ་ཏོག་རྐང་གཅིག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།