ཁམས་ཀྱི་གནམ་གྲུ་ཁ་ལོ་བ་བཀྲ་ཤིས་ཚེ་རིང་གི་གནས་ཚུལ་རགས་བཀོད།

མིག་དམར་དོན་གྲུབ་ཀྱིས་བྲིས།        2020-06-05

ཁམས་ཀྱི་གནམ་གྲུ་ཁ་ལོ་བ་བཀྲ་ཤིས་ཚེ་རིང་གི་གནས་ཚུལ་རགས་བཀོད།

བྱ་རྒོད་པོའི་རྩལ་ཆེན་འཛོམས་པ་ཡི།། ཕོ་རྒོད་པོས་གནམ་འཕང་འདི་འདྲ་བཅད།།

ཁམས་ཀྱི་གནམ་གྲུ་ཁ་ལོ་བ་བཀྲ་ཤིས་ཚེ་རིང་གི་གནས་ཚུལ་རགས་བཀོད།


ཆུང་དུས་ནས་དམག་མི་ཞིག་བྱེད་པ་ནི་ཁོའི་ཚེ་གང་གི་ཕུགས་འདུན་ཡིན།

བཀྲ་ཤིས་ཚེ་རིང་ནི་ཁྲེང་ཏུའུ་དམག་ཁུལ་གྱི་སྐམ་སའི་མཁའ་སྐྱོད་མདའ་ཤོག་ག་གེ་མོའི་མདའ་དཔོན་གཞོན་པ་དང་ཁྲི་ཤོག་རིམ་པ་གཞོན་པའི་ཏ་ཞའོ་ཡི་དམག་མིའི་གོ་གནས་ཐོབ་ཡོད་པའི་གནམ་གྲུའི་ཁ་ལོ་བ་ཁྱད་འཕགས་ཅན་ཞིག་ཡིན་ཞིང་། ཀྲུང་གོ་གསར་པའི་བོད་རིགས་གནམ་གྲུ་ཁ་ལོ་བ་མི་རབས་དང་པོ་དེ་ཡིན་ལ། 2009ལོར་དམག་ཁོངས་ནས་ཕྱིར་འཐེན་པ་རེད།

1954ལོར་བཀྲ་ཤིས་ཚེ་རིང་དཀར་མཛེས་རྫོང་ལྷོ་པ་གྲོང་སྡེའི་ཞིང་པའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས་པ་དང་། 1970ལོར་དམག་ཏུ་ཞུགས། 1974ལོ་ནས་བཟུང་གནམ་གྲུ་གཏང་རྒྱུར་སློབ་སྦྱོང་བྱེད་མགོ་ཚུགས། 1975ལོའི་སྤྱི་ཟླ7པའི་ཚེས12ཉིན་ཁེར་འཕུར་ཐེངས་དང་པོ་བྱས་པ་རེད། ལོ་བཅུ་ཕྲག་ཁ་ཤས་རིང་ཁོང་དང་ཁོང་གི་འཐབ་གྲོགས་ཚོས་འཛམ་གླིང་ཡང་རྩེའི་མཁའ་འགྲུལ་ལོ་རྒྱུས་ཀྱི་འཛམ་གླིང་ཟིན་ཐོ་རེ་རེ་བཞིན་བཏོད་ཅིང་། རི་བོ་ཧི་མ་ལ་ཡའི་ས་ཁུལ་དུ་ཐད་འཕུར་གནམ་གྲུས་སྐྱེལ་འདྲེན་བྱེད་པའི་ཟིན་ཐོ་བཀོད་པ་དང་། འཛམ་གླིང་གི་རོང་ཆེན་དང་པོ་སྟེ་ཡར་ཀླུང་གཙང་པོ་བརྒལ་བའི་ཟིན་ཐོ་བཀོད་ཅིང་། ནགས་ཚལ་དང་གཡང་གཟར་གྱིས་ཁེངས་པའི་འཛམ་གླིང་ཡང་རྩེའི་བར་སྣང་ནས་མི་སྐྱོབ་པའི་ཟིན་ཐོ་བཀོད་ལ། མཐོ་སྒང་གི་མི་མེད་ཁུལ་དུ་ཞིབ་ཚད་མཐོ་བ་དང་བར་ཐག་རིང་བ། རྒྱ་ཁྱོན་ཆེ་བ་བཅས་ཀྱི་འཕུར་སྐྱོད་ཀྱི་ཟིན་ཐོའང་བཀོད་ཡོད། མཐའ་སྲུང་སོ་ལྟ་ཁང་དང་མཐའ་མཚམས་གྲོང་སྡེར་སྐྱོད་པའི་མཁའ་ལམ་ཞིག་བཏོད་པས་ཐད་འཕུར་གནམ་གྲུ་འཛམ་གླིང་ཡང་རྩེར་འཕུར་བའི་དཔྱད་གཞི་ཐོག་མ་དེ་ཐོབ་ཡོད། དེ་མིན་ད་དུང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མྱུར་སྐྱོབ་དང་ཆུ་ལོག་འགོག་སེལ། ནགས་ཚལ་མེ་གསོད། མཁའ་འགྲུལ་གྱི་ས་གཏེར་འཚོལ་ཞིབ་ཚད་ལེན། འཁོར་སྐར་ཕྱིར་བསྡུ། མཐའ་མཚམས་སྐོར་གཡེང་སོགས་ཀྱི་ལས་འགན་ལ་ཐེངས་མང་ཞུགས་པ་རེད།

བཀྲ་ཤིས་ཚེ་རིང་གི་ངོས་ནས་བརྗོད་ན་དམག་མི་ཞིག་བྱ་རྒྱུ་ནི་ཁོང་གི་བྱིས་དུས་ཀྱི་འདུན་པ་ཡིན་ཞིང་། ཆུང་དུས་སུ་ཁོང་གིས་གྲོང་སྡེར་ཟུར་གྱི་རྟ་དམག་མདའ་ཤོག་མཐོང་བའི་ཐེངས་རེར་ཁོང་ཚོར་ཡིད་སྨོན་ཆེན་པོ་ཤོར་གྱི་ཡོད། ཐེངས་ཤིག་ལ་ཁོང་ཚོའི་སྦྱོང་བརྡར་ལ་ལྟ་དུས་ཁོང་ཚོས་རྟ་ཐོག་ནས་རྟ་རྩལ་སྣ་ཚོགས་འཁྲབ་ཅིང་དཔའ་ཉམས་བསྟན་པས་ཁོང་ལ་ཡིད་སྨོན་དང་སྤྲོ་བ་ཚད་མེད་སྐྱེས་སུ་བཅུག དུས་དེ་ནས་བཟུང་ཁོང་རང་ཡང་དམག་མི་ཞིག་བྱ་རྒྱུ་དེ་རང་གི་ཕུགས་འདུན་ཆེ་ཤོས་སུ་གྱུར།

དམའ་རིམ་སློབ་འབྲིང་དུ་སློབ་གཉེར་བྱེད་སྐབས་བཀྲ་ཤིས་ཚེ་རིང་འཛིན་གྲྭའི་ནང་སློབ་མ་ཕུལ་བྱུང་ཡིན་ཞིང་། ཁོང་གིས་སློབ་སྦྱོང་ཡག་པོ་བྱས་ན་གཞི་ནས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་ཤེས་སྟབས་ཁོང་གིས་ཕ་མེས་དང་འདྲ་བར་འཚོ་བ་སྐྱོ་པོ་སྐྱེལ་འདོད་མེད་ཅིང་། སྐབས་དེ་དུས་ལོ་རིམ་གཅིག་པའི་སློབ་གྲོགས་མང་པོ་ཞིག་གིས་རྡོག་ཁྲེས་ཁུར་ནས་རི་ཁུལ་དང་གྲོང་གསེབ་ཏུ་བསྐྱོད་དེ་གཞོན་ནུ་ཤེས་ཡོན་ཅན་བྱས་པ་རེད། ཁྱིམ་མི་ཚང་མས་ཀྱང་“རི་ཁུལ་དང་གྲོང་གསེབ་ཏུ་བསྐྱོད་པ”ཕན་ཆད་མི་ཚེ་གང་པོར“གཞུང་འབྲུ”ཟ་ཆོག་པ་འདོད་ཀྱི་ཡོད་པས་བཀྲ་ཤིས་ཚེ་རིང་ལ་ཡང“གཞོན་ནུ་ཤེས་ཡོན་ཅན”གྱི་ལམ་བུའི་ཐོག་བསྐྱོད་ནས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་བས་མ་ཚད་ཁྱིམ་མི་གང་བོའི་ལས་དབང་ལའང་འགྱུར་ལྡོག་གཏང་དགོས་པའི་རེ་བ་བཅངས་པ་རེད།

བཀྲ་ཤིས་ཚེ་རིང་གིས“གཞོན་ནུ་ཤེས་ཡོན་ཅན”བྱ་རྒྱུ་ནི་ཁྱིམ་མི་ཚང་མས་རང་ཉིད་ལ་བཅངས་པའི་རེ་བ་ཆེན་པོ་ཞིག་ཡིན་པ་ཤེས་ཀྱང་རང་ཉིད་ཀྱི་སེམས་ཀྱི་ཕུགས་སུ་ཉར་བའི་འདུན་པ་དེ་དང་རྒྱབ་འགལ་བྱེད་འདོད་མེད་དེ། ང་དམག་མི་ཞིག་བྱ་རྒྱུ་ཡིན་ཞེས་ཨུ་ཚུགས་བྱས། ཁོང་གིས་རང་ཉིད་ཀྱི་དད་སེམས་ལ་འགྱུར་བ་ཡེ་ནས་མ་བཏང་སྟེ་དམའ་འབྲིང་མཐར་ཕྱིན་རྗེས་དམག་ནང་ཞུགས་པ་རེད། 1970ལོར་དམག་ནང་ཞུགས་པའི་ཉིན་དེར་ཁོང་གིས་དམག་ཆས་གྱོན་པ་དང་རྡོག་ཁྲེས་འཁུར་བའི་སྐབས་དེར“རང་ཉིད་ཀྱི་ཕུགས་འདུན་གྱི་ཆེད་དུ་འོད་སྟོང་འཕྲོ་བའི་ལེའུ་ཞིག་ངེས་པར་དུ་འབྲི་དགོས་པའི་དམ་བཅའ་བཞག་པ་དེ་ནི་རྡོ་ལ་རི་མ་བརྐོས་པ་བཞིན་ད་ལྟའང་སེམས་ལ་གསལ་ལྷང་ངེར་དྲན་གྱི་ཡོད།

ཁམས་ཀྱི་གནམ་གྲུ་ཁ་ལོ་བ་བཀྲ་ཤིས་ཚེ་རིང་གི་གནས་ཚུལ་རགས་བཀོད།

གནམ་གྲུ་ཁ་ལོ་བ་བྱ་རྒྱུ་ནི་ཁོའི་ཚེ་གཅིག་གི་གཟི་བརྗིད་ཡིན།

དམག་ལ་ཞུགས་པ་ནས་བཀྲ་ཤིས་ཚེ་རིང་གི་དམག་གི་འཚོ་བའི་མགོ་དངོས་སུ་ཚུགས་པ་མཚོན་གྱི་ཡོད། འོན་ཀྱང་གནམ་གྲུ་ཁ་ལོ་བ་ཞིག་ཏུ་གྱུར་བ་ནི་སྟབས་བདེ་མོ་ཞིག་མ་ཡིན་ཏེ། བཀྲ་ཤིས་ཚེ་རིང་དམག་ནང་ཞུགས་རྗེས་དར་རྩེ་མདོའི་ཡན་ལག་དམག་ཁུལ(རྗེས་སུ་དཀར་མཛེས་ཡན་ལག་དམག་ཁུལ)དུ་བཏང་སྟེ་རྐང་དམག་གི་ཁོངས་སུ་གཏོགས་ཤིང་། ལི་ཐང་དུ་བཅའ་སྡོད་བྱས། ཡང་རྐང་དམག་ནས་གནམ་གྲུ་ཁ་ལོ་བ་ལ་རྒྱུགས་འཕྲོད་པ་དང་། སྔ་རྗེས་སུ་མཁའ་དམག་འཕུར་སྐྱོད་སློབ་གླིང་བརྒྱད་པ་དང་འཕུར་སྐྱོད་སློབ་གླིང་དྲུག་པ(སྐབས་དེར་མཁའ་སྐྱོད་སློབ་གྲྭ་ཟེར།)ནས་སློབ་སྦྱོང་བྱས་ཤིང་། འཕུར་སྐྱོད་སློབ་གླིང་དྲུག་པ་ནས་སློབ་མཐར་ཕྱིན་ཏེ་ཁྲེང་ཏུའུ་དམག་ཁུལ་གྱི་སྐྱེལ་འདྲེན་ཚོགས་པ་ཞིག་ཏུ་བཏང་། སྐམ་དམག་མཁའ་སྐྱོད་དམག་སྒྲིག་འཛུགས་བྱེད་སྐབས་ཁོང་སླར་ཡང་སྐམ་དམག་ལ་ལོག་སྟེ་སྤྱི་ཁྱབ་དྲག་ཇུས་པུའུ་སྐམ་དམག་མཁའ་སྐྱོད་དམག་གི་གནམ་གྲུ་ཁ་ལོ་བ་མི་རབས་དང་པོའི་གྲས་ཤིག་ཏུ་གྱུར། བཀྲ་ཤིས་ཚེ་རིང་གིས་ང་རང་གནམ་གྲུ་ཁ་ལོ་བ་ཞིག་ཏུ་གྱུར་པ་ནི་ང་རང་དུས་རབས་ཡག་པོ་ཞིག་དང་སྟབས་འཁེལ་བས་རེད། 1970ལོར་ཁྲེང་ཏུའུ་དམག་ཁུལ་ཁང་དཀར་མཛེས་རྫོང་དུ་དམག་བསྡུ་བར་ཡོང་སྐབས་ང་རང་དམའ་འབྲིང་འགྲིམ་བཞིན་ཡོད་པར་མ་ཟད་སྦྱངས་འབྲས་ཀྱང་ཧ་ཅང་ཡག་པོ་ཡོད། དམག་མི་བྱ་རྒྱུ་ནི་ངའི་ཕུགས་འདུན་ཡིན་ཞིང་། གཟུགས་པོར་བརྟག་དཔྱད་ནན་པོ་བྱས་པར་བརྒྱུད་ང་རང་བདེ་བླག་ངང་བཅིངས་འགྲོལ་དམག་ཁུལ་མི་ཞིག་ཏུ་གྱུར་ནས་ལི་ཐང་རྫོང་དུ་དམག་དྲིལ་བསྒྲགས་རུ་ཁག་ལ་སྐད་བསྒྱུར་བྱེད་མཁན་བཏང་། དམག་དཔུང་ནང་ཞུགས་རྗེས་ངའི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་དམག་མི་ཞིག་གི་འགན་འཁྲི་རྟོགས་ཤིང་། དམག་དཔུང་ནང་བྱ་གཞག་ཆེན་པོ་ཞིག་བསྒྲུབ་རྒྱུ་དང་ཐ་ན་རང་སྲོག་བློས་བཏང་ཡང་འགྱོད་པ་སྤུ་ཙམ་ཡང་མེད་པར་སྙམ་ཏེ་ལས་ཀ་ལྗིད་པོ་དང་བཙོག་པོ། དཀའ་མོ་སོགས་ལ་འཛེམ་དོགས་མེད་པའི་སྒོ་ནས་བསྒྲུབས་ཤིང་། ཐེངས་ཤིག་རི་ལ་མེ་གསོད་དུས་བྱས་རྗེས་མངོན་གསལ་དོད་པས་ཡུན་རིང་མ་སོང་བར་ང་རང་བཅུ་དཔོན་དུ་བསྐོས་པས་མ་ཚད་ཏང་ནང་ཞུགས་སུ་བཅུག 1974ལོར་མཁའ་དམག་སྤྱི་ཁྱབ་པུའུ་ནས་ང་རང་ཡོད་སའི་དམག་དཔུང་དུ་ཡོང་ནས་མཁའ་སྐྱོད་དམག་མི་བསྡུས། དཔྱད་ཞིབ་བྱས་པར་བརྒྱུད་ནས་ང་རང་འཕུར་སྐྱོད་རུ་ཆེན་དུ་བཏང་བར་མ་ཟད་རང་གི་འབད་བརྩོན་དང་། མགོ་ཁྲིད་ཀྱི་ཐུགས་ཁུར་དང་རོགས་རམ་འོག་བདེ་བླག་ངང་དཔྱད་ཞིབ་ཀྱི་དཀའ་གནད་ལས་བསྒྲལ་ཏེ་འཕུར་སྐྱོད་སློབ་གྲྭར་བསྐྱོད་ཐུབ་སོང་ཞེས་བཤད་པ་རེད།

ལོ་དེ་དག་གི་རིང་ལ་བཀྲ་ཤིས་ཚེ་རིང་དང་འཐབ་གྲོགས་ཚོས་འཛམ་གླིང་ཡང་རྩེར་མཁའ་འགྲུལ་ལོ་རྒྱུས་ཀྱི་འཛམ་གླིང་ཟིན་ཐོ་མང་པོ་བཏོད་པ་དང་། འཕུར་སྐྱོད་གལ་ཆེན་བ་དུ་མའི་ནང་ཤི་གསོན་གྱི་ཚོར་བ་མྱོང་ཞིང་། ཚོད་དགམ་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་ཡང་དུ་མ་ཞིག་མྱོང་བ་རེད།

ལོ་བཅུ་ཕྲག་ཁ་ཤས་རིང་མེས་རྒྱལ་གྱི་རི་ཀླུང་ཐང་གསུམ་གང་སར་འཕུར་ཞིང་། བཀྲ་ཤིས་ཚེ་རིང་གིས་ཁྲིད་པའི་རུ་ཆེན་གྱིས་ལོ་གཉིས་བསྟུད་མར་ཐུན་མོང་གི་བྱས་རྗེས་རིམ་པ་གསུམ་པ་བཞག་པས་མ་ཚད་དམག་ཡོངས་ཀྱི་འཕུར་སྐྱོད་རུ་ཆེན་ཀ་པའི་གྲས་སུ་ཚུད་པ་རེད། ཁོང་རང་ཉིད་ཀྱང་ཐེངས་མང་པོར“ལག་རྩལ་དཔེ་དམག”དང་། “གནམ་གྲུ་ཁ་ལོ་བ་ཕུལ་བྱུང་། ”“ཏང་ཡོན་ཕུལ་བྱུང་། ”“ཏང་དོན་ལས་དོན་པ་ཕུལ་བྱུང”བཅས་བདམས་པ་དང་། བྱས་རྗེས་རིམ་པ་གསུམ་པ་ཐེངས་ལྔ་དང་རིམ་པ་གཉིས་པ་ཐེངས་གཉིས་བཅས་ཐོབ་པ་རེད།

ཁམས་ཀྱི་གནམ་གྲུ་ཁ་ལོ་བ་བཀྲ་ཤིས་ཚེ་རིང་གི་གནས་ཚུལ་རགས་བཀོད།

ཕ་ཡུལ་ནི་ཁོའི་རྣམ་ཤེས་རྨི་ལམ་དུ་འཁོར་ས་ཡིན།

1975ལོའི་སྤྱི་ཟླ7པའི་ཚེས12ཉིན་བཀྲ་ཤིས་ཚེ་རིང་གིས་ཁེར་འཕུར་ཐེངས་དང་པོ་བྱས་པ་རེད། བཀྲ་ཤིས་ཚེ་རིང་གིས“ཉིན་དེར་འཕུར་སྐྱོད་ནི་སློབ་གྲྭ་ཡོངས་སུ་ལོ་སར་ལས་འཁྲུག་ཆ་དོད་ཅིང་། སྤྲོ་སེམས་འཕེལ་བའི་ངང་མི་རིགས་འཕུར་སྐྱོད་པ་ཁེར་འཕུར་ཐེངས30པར་རྟེན་འབྲེལ་ཞུ་ཞེས་པའི་འཕྲེད་འགེལ་སྦྱར་ཡིག་དེ་སློབ་གྲྭའི་མངོན་གསལ་དོད་ཤོས་ཀྱི་སར་བཀལ་ཡོད་ལ། གནམ་ཐང་ནས་སློབ་ཁང་དང་ཉལ་ཁང་བར་དར་དམར་གྱིས་ཁེངས་ཤིང་། སློབ་གྲྭ་ཧྲིལ་པོ་དེ་དམར་མདངས་ཀྱི་རྒྱ་མཚོ་ཞིག་ཏུ་གྱུར་ནས་རླུང་འཕྲིན་དུ་དམག་གླུ་ཡང་ཡང་གཏོང་གི་འདུག ང་ཚོ་མ་འཕུར་བའི་སྔོན་དུ་གནམ་གྲུ་ཁ་ལོ་བ་རྣམས་གྲལ་བསྒྲིགས་ནས་ཤར་ཕྱོགས་སུ་ཁ་གཏད་ནས《ཤར་ཕྱོགས་དམར་པོ》ཞེས་པའི་གླུ་བླངས་ཤིང་། དེ་ནས་གནམ་གྲུར་བསྡད་ནས་འཕུར་བར་གྲ་སྒྲིག་བྱས། བཀའ་བསྒྲགས་མ་ཐག་གནམ་གྲུ་གཅིག་རྗེས་གཉིས་མཐུད་དགུང་སྔོན་དབྱིངས་སུ་འཕུར་བ་ནི་ཅི་འདྲའི་གཟི་བརྗིད་ལྡན་པ་ཞིག་རེད་ཨང་། ད་ལྟ་ཡིད་ལ་དྲན་ཐེངས་རེར་སྤྲོ་བ་བརྟས་པ་དང་སེམས་འགུལ་ཐེབས་པ་ཞིག་རེད། གནམ་གྲུ་ཁ་ལོ་བ་ཞིག་ཏུ་གྱུར་བ་ནི་ཁྱིམ་མི་དང་ཡུལ་མི་རྣམས་ཀྱི་གཟི་བརྗིད་དུ་གྱུར་ཡོད་ལ། རང་ཉིད་ལའང་སྤོབས་པ་དང་ཡིད་ཆེས་ཡོད་པ་ཞིག་ཏུ་གྱུར་ཞེས་སེམས་འགུལ་ཐེབས་པའི་ངང་བཤད་པ་རེད།

1986ལོའི་སྤྱི་ཟླ་དང་པོར་བོད་ལྗོངས་བྱང་ཐང་དུ་ལོ་བརྒྱའི་རིང་འཕྲད་མ་མྱོང་པའི་གངས་སྐྱོན་ཆེན་པོ་བྱུང་ནས་བོད་རིགས་འབྲོག་པ་དྲུག་བརྒྱ་ལྷག་གངས་འཁྱག་ཁྲོད་དུ་ལྷག་སྟེ་ས་གནས་དེ་གའི་སྲིད་གཞུང་དང་འབྲེལ་བ་ཆད་པས་ཏང་དང་སྲིད་གཞུང་ལ་སེམས་ཁྲལ་ཆེན་པོ་བྱུང་ནས་སྔ་རྗེས་སུ་ལས་སྒྲུབ་ཚོགས་ཆུང9མངགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་འཚོལ་དུ་བཅུག་ཀྱང་མ་རྙེད། སྐབས་དེར་གོང་རིམ་གྱིས་བཀྲ་ཤིས་ཚེ་རིང་དང་འཐབ་གྲོགས་ཚོར་གེ་མོ་གནམ་ཐང་རྟེན་གཞིར་བྱས་ནས་གནོད་འཚེ་ཕོག་ཁུལ་དུ་འཕུར་ནས་འཚོལ་དུ་བཅུག བཀྲ་ཤིས་ཚེ་རིང་ནམ་ལངས་མ་ཐག་གེགས་སེལ་དངོས་ཟོག་བྱུར་བུར་བླུགས་པའི་གནམ་གྲུ་བཏང་ནས་འཕུར་ཞིང་། ཁོང་གི་སེམས་ལ་ཏང་དང་རྒྱལ་ཁབ་ཀྱི་གསོ་སྐྱོང་དང་ཕ་ཡུལ་མི་དམངས་རྣམས་ཀྱི་རེ་བ་ཡིད་ལ་བཅངས་ནས་དཀའ་བ་བརྒྱ་དང་ངལ་བ་སྟོང་ལ་ཐུག་ཀྱང་ངེས་པར་དུ་གནོད་ཐེབས་འབྲོག་པ་ཚོ་རྙེད་ཐུབ་པའི་དམ་བཅའ་བཞག འབྲོག་པར་གཏན་འཇགས་ཀྱི་གཞིས་ཆགས་ས་མེད་པས་མི་འཚོལ་བར་རྒྱ་མཚོའི་ནང་ཁབ་འཚོལ་བ་ལྟར་ཡིན་ཞིང་བཀྲ་ཤིས་ཚེ་རིང་གིས་འཕུར་སྐྱོད་ཀྱི་མཐོ་ཚད་དམའ་རུ་བཏང་བ་སྟེ། སྨི100ནས་སྨི70 དེ་ནས་ཡང་སྨི50སོགས་ས་བབ་མཐོ་ཚད་སྨི5000ལྷག་ཙམ་གྱི་ས་མཐོར་འཕུར་སྐྱོད་བྱེད་ཀྱི་ཡོད་པས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ཤེས་ཀྱང་ཤི་གསོན་ལ་མ་བལྟས་ཏེ་འཚོལ་ཞིབ་བྱས་མཐར་གཞི་ནས་རྙེད་པ་རེད། ཁོང་གིས་སྐབས་དེ་དུས་ཏང་གིས་ང་སྐྱེད་སྲིང་བྱས་པ་དོན་མེད་དུ་བཏང་མེད་ལ། ཕ་ཡུལ་གྱི་ཡུལ་མི་ཚོས་ང་ལ་བཅངས་པའི་རེ་བའང་སྟོང་ཟད་དུ་བཏང་མེད། ཁོང་ཚོར་ང་རང་དགོས་མཁོ་ཆེ་ཤོས་ཀྱི་སྐབས་སུ་ངས་ཀྱང་དུས་དེར་ཁོང་ཚོར་རང་ཉིད་ཀྱི་ནུས་པ་ཕུལ་ཐུབ་པ་བྱུང་ཞེས་བཤད།

བཀྲ་ཤིས་ཚེ་རིང་གིས་དམག་འཐབ་གནམ་གྲུ་བཏང་ནས་མེས་རྒྱལ་གྱི་དགུང་སྔོན་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་ཡོད། ལོ་བཞི་བཅུའི་དམག་དཔུང་གི་འཚོ་བའི་ནང་བཀྲ་ཤིས་ཚེ་རིང་ལ་མཛེས་སྡུག་ལྡན་པའི་ཕྱིར་དྲན་མང་པོ་ཞིག་བཞག་ཡོད། ད་ཆ་དཔུང་སྡེ་ནས་ཁ་བྲལ་ཟིན་པའི་བཀྲ་ཤིས་ཚེ་རིང་གིས་དམག་མིའི་འཚོ་བའི་ནང་ང་ལ་བདེ་སྐྱིད་དང་གཟི་བརྗིད་ལྡན་པའི་ཚོར་སྣང་སྦྱིན་པར་ནམ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དག་ཚང་མ་ངས་ནམ་ཡང་གཅེས་ཉར་བྱེད་རིན་ཡོད་པའི་དྲན་ཤེས་ཤིག་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།
  • ལེ་ཚན་རྗེས་མ།:ཁྱེད་ནི་ང་ཚོ་སྡེ་བའི་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་བ་ཡིན།