རྒྱལ་ཡོངས་དམངས་འཐུས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

        2020-05-28

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཕེབས་པ།

   ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

   ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་གནང་བ།

རྒྱལ་ཡོངས་དམངས་འཐུས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

     ཟླ5ཚེས25ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ5ཚེས25ཉིན་གློག་འཕྲིན་འབྱོར་གསལ། ཚེས25ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་གསན་པ་དང་དེར་གྲོས་ཞིབ་གནང་བ་རེད།

     ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་ཞིང་། ཁོང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་དུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས། འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་ཁྲིམས་བཞིན་འགན་འཁྲི་བསྒྲུབས་ཏེ། རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་དང་ཟས་སྤྱོད་བྱ་རྒྱུ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་རྒྱུའི་སྐོར་གྱི་གཏན་འབེབས་དང་། སྤྱི་པའི་འཕྲོད་བསྟེན་ཁྲིམས་སྐྱོང་འགན་སྲུང་མ་ལག་གི་ཁྲིམས་འཛུགས་དང་ཁྲིམས་བཟོ་བཅོས་རྒྱག་ཤུགས་ཆེ་རུ་གཏོང་རྒྱུའི་ལས་དོན་སྤེལ་འགོ་འཛུགས་རྒྱུའི་བཀོད་སྒྲིག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཅའ་ཁྲིམས་རང་འགུལ་ངང་དྲིལ་བསྒྲགས་དང་གསལ་འགྲེལ་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་བྱས་ཡོད་ཅེས་གསུངས་པ་རེད།

     ལི་ཀྲན་ཧྲུའུ་ཡིས་སྙན་སྒྲོན་ནང་། ལོ་གཅིག་ལྷག་ཙམ་རིང་གི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་གནས་ཚུལ་ལ་ཕྱོགས་སྡོམ་གནང་བ་སྟེ། བཅའ་ཁྲིམས་འཆར་ཟིན་དང་གཏན་འབེབས་འཆར་ཟིན་ཁག་48ལ་གྲོས་ཞིབ་བྱས་པ་དང་ཁག་34ལ་གྲོས་འཆམ་བྱུང་བ་དང་། སྙན་ཞུ་ཁག་39གསན་པ་དང་དེར་གྲོས་ཞིབ་དང་། བཅའ་ཁྲིམས་ཁག་དྲུག་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ཆེད་དོན་འདྲི་རྩད་ཐེངས་3དང་ཆེད་དོན་བརྟག་ཞིབ་ཐེངས་7བྱས་པ། གྲོས་ཆོད་ཁག1བཏོན་ཡོད། ཕྱོགས་གཉིས་ཀྱི་ཆིངས་ཡིག་5ལ་ཆོག་མཆན་སྤྲོད་རྒྱུའི་ཐག་བཅད་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་མི་ཐེངས་282ཁྲིམས་བཞིན་བསྐོ་འཐེན་བྱས་པ་བཅས་བརྒྱུད། ལས་དོན་ཁག་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་པ་སྟེ། གཅིག་ནས། རྩ་ཁྲིམས་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཕྱོགས་ཁག་ཚང་མར་ཕྱོགས་ཡོངས་ནས་ལག་བསྟར་ཐུབ་པའི་འགན་ལེན་བྱས་ཡོད། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་དང་། ཁྲིམས་ཆད་འཁུར་བཞིན་པའི་ཉེས་ཅན་པ་ཁག་གཅིག་དམིགས་བསལ་བཙོན་གྲོལ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་བྱས་པ་དང་། 《རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ལམ་སྲོལ་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)》ལ་ཞིབ་འཇུག་བྱེད་རྒྱུའི་གཏན་འཁེལ་བྱས་པ་དང་འབྲེལ་གྲོས་ཞིབ་བྱས་ཡོད། གཉིས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གཞོགས་འདེགས་དང་སྐུལ་འདེད་བཏང་ནས། བསྒྱུར་བཅོས་གལ་ཆེན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པའི་འགན་ལེན་བྱས་པ་དང་། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དམངས་འཚོའི་ཁྱབ་ཁོངས་སུ་ཁྲིམས་འཛུགས་མགྱོགས་སུ་བཏང་བ། ལྟ་ཞིབ་དང་། ཁྲིམས་འཛིན། སྤྱི་ཚོགས་བཅོས་སྐྱོང་། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་སུ་ཁྲིམས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཡོད། གསུམ་ནས། ཁྲིམས་གཏན་འཁེལ་བའི་འགན་འཁྲི་གཞིར་བཟུང་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས་ལྟ་སྐུལ་ལས་དོན་ལ་སྐུལ་འདེད་བཏང་ཡོད། སྲིད་འཛིན་དབང་ཆ་དང་། ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་བཞིན་ཡང་དག་པའི་ངང་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་པ་དང་། མི་སེར་གྱིས་སེམས་ཁྲལ་ཆེ་ཤོས་བྱེད་པའི་འཕྲལ་མཁོ་ཆེ་ཤོས་ཀྱི་དོན་དག་དང་དཀའ་གནད་ལ་དོ་ཁུར་བྱས་ནས། བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བསྒྱུར་བཅོས་འགག་སྒྲོལ་གྱི་ལས་འགན་ལ་དེ་བས་ཡག་པའི་ངང་རོགས་སྐྱོར་བྱས་ཡོད། བཞི་ནས། འཐུས་མིས་ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི་ལས་ཀའི་ལམ་ལུགས་དང་ལམ་སྲོལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱ་ཐབས་ཁག་35བཟོས་པ་དང་། འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྒྲུབ་གཉེར་ནན་ཏན་བྱས་པ། ཁྲིམས་འཛུགས་ལས་དོན་སྤེལ་རིང་གི་འཐུས་མིའི་ནུས་པ་བཏོན་པ། རྒྱུན་ལས་ཨུ་ལྷན་གྱིས་འཐུས་མི་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་བ། འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ། འཐུས་མིའི་ཞབས་ཞུའི་འགན་ལེན་ལས་དོན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། ལྔ་ནས། ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་ཕྱི་ཕྱོགས་ལས་དོན་སྤེལ་ཡོད། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་ལས་དོན་གྱི་རང་འགུལ་རང་བཞིན་དང་། དམིགས་སའི་རང་བཞིན། སྤྱི་འདོམས་རང་བཞིན་བཅས་སྔར་བས་ཆེ་རུ་བཏང་ཡོད། དྲུག་ནས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ལ་དམ་པོར་དམིགས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད།

     ལི་ཀྲན་ཧྲུའུ་ཡིས། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ད་དུང་ཧེ་བག་དང་མི་འདང་ས་ཁ་ཤས་གནས་ཡོད་པས། ང་ཚོས་འཐུས་མི་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ཁེངས་སྐྱུང་གི་སྒོ་ནས་ཉན་ཏེ་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

     ལི་ཀྲན་ཧྲུའུ་ཡིས་སྙན་སྒྲོན་གནང་སྐབས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལག་ལེན་གྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་ལ་འགྱུར་བ་བཅས་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བརྒྱུད་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱི་ལག་ཏུ་སྟངས་འཛིན་ནན་པོ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

     ལི་ཀྲན་ཧྲུའུ་ཡིས། 2020ལོར། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་འཁྲིད་དེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་བཞིན་ཡོད། རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པའི་དམིགས་ཚད་ལས་འགན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དམ་པོར་དམིགས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ཁྲིམས་བཞིན་འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་དང་འཕེལ་རིམ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

     ལི་ཀྲན་ཧྲུའུ་ཡིས་ཕྱོགས་དྲུག་གི་ཐད་ནས་སླད་ཕྱིན་དུས་མཚམས་ཤིག་རིང་གི་ལས་འགན་གཙོ་བོ་རྒྱས་བཤད་གནང་བ་སྟེ། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ཐུབ་པའི་འགན་ལེན་བྱེད་པ་དང་། ཁྱབ་ཁོངས་གལ་ཆེན་དུ་ཁྲིམས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ལས་དོན་ཁྲིམས་བཞིན་ཡག་པོ་སྒྲུབ་པ། འཐུས་མིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པ། ཕྱི་ཕྱོགས་འགྲོ་འོང་ཧུར་ཐག་བྱེད་པ། རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་རེད།

     ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ཏེ་ལས་དོན་སྙན་སྒྲོན་གནང་སྐབས། 2019ལོར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཁྲིམས་འཛིན་གྱོད་གཞི་ཚང་མའི་ནང་མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ཧུར་ཐག་ཚོར་ཐུབ་པ་བྱེད་པའི”དམིགས་ཚད་ལ་དམ་པོར་གཞིགས་ནས། སྤྱི་ཡོངས་ལ་ཞབས་ཞུ་དང་། ཁྲིམས་འཛིན་དམངས་ཆེན། དྲང་གཞག་ཁྲིམས་འཛིན་བཅས་མཐའ་འཁྱོངས་བྱས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཁག་ཁྲི3.4གྱོད་ཐག་བཅད་པ་དང་། ས་གནས་རིམ་ཁག་ཁྲིམས་ཁང་གིས་གྱོད་གཞི་ཁག་ཁྲི་2902.2གྱོད་ཐག་བཅད་པ་དང་ཁྲིམས་གཅོད་ལག་བསྟར་བྱས་ཡོད་ཅེས་གསུངས་པ་རེད།

     ཀྲོའུ་ཆང་གིས། 2020ལོའི་མི་དམངས་ཁྲིམས་ཁང་གི་ལས་འགན་ནི། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་བར་འགན་ལེན་བྱེད་པར་ཞབས་འདེགས་ནུས་ལྡན་ཞུས་ཏེ“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་ལ་གནད་སྨིན་ཞབས་འདེགས་ཞུ་བ་དང་། ཆུ་ཚད་དེ་བས་མཐོ་བའི་ཞི་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་ཞབས་འདེགས་ནུས་ལྡན་ཞུ་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ནུས་ལྡན་ཞུས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ཁྲིམས་འཛིན་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ། དམངས་འཚོའི་ཁྲིམས་འཛིན་འགན་ལེན་བྱེད་ཤུགས་ཆེ་རུ་ནུས་ལྡན་བཏང་ནས་ལས་ཞུགས་ནང་ས་ཁོངས་དང་ཕོ་མོའི་དབྱེ་བ་སོགས་མཐོང་ཆུང་གི་ལྟ་སྟངས་འཛིན་རིགས་ཁྲིམས་བཞིན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ཏོག་གསར་གློ་ཚད་ཕོག་པའི་ནད་པ་དང་རྒྱུ་མཚན་མེད་པར་ངལ་རྩོལ་གན་རྒྱའི་འབྲེལ་བ་མཚམས་འཇོག་པའི་བྱེད་སྤྱོད་ཁྲིམས་བཞིན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ཉམས་སད་ཐེག་པའི་ཁྲིམས་ཁང་གི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་པ་བཅས་རེད་ཅེས་གསུངས་པ་རེད།

     ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ཏེ་ལས་དོན་སྙན་སྒྲོན་གནང་སྐབས། ན་ནིང་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན་འོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག འཕེལ་རྒྱས་དོན་གཉེར། རང་འབད་ལ་མཐོང་ཆེན་བཅས་བྱས་པ་བརྒྱུད། ཞིབ་དཔྱོད་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་གསུངས་པ་དང་། སྙན་སྒྲོན་ནང་། ཞིབ་དཔྱོད་ཁོངས་གཏོགས་ཀྱིས་རིམས་འགོག་འགན་འཁྲི་ཧུར་ཐག་སྒྲུབ་པའི་གནས་ཚུལ་དང་2019ལོའི་ལས་དོན་ལ་ཕྱིར་དྲན་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཁག་སོ་སོར་ངོ་སྤྲོད་གནང་བ་རེད།

     ཀྲང་ཅུན་གྱིས། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ལོ་ཞིག་རེད། རིམས་ནད་ལས་ཐོན་པའི་འགྲན་སློང་གསར་པའི་མདུན་དུ་ཞིབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་འགན་འཁྲི་འཁུར་བ་དང་བྱ་སྤྱོད་སྤེལ་དགོས། ཏང་གི་འགོ་ཁྲིད་གཙང་བཙན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། “ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་རྒྱུ”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། “བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། དོན་འཁྱོལ། མཐོར་གཏོང”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཁྲིམས་སྐྱོང་གི་རང་རྟོགས། ཞིབ་དཔྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་གསུངས་པ་རེད།

     ཚོགས་འདུར་ཕེབས་དགོས་པའི་འཐུས་མི་2956ཡོད་པ་དང་། འཐུས་མི་2886ཕེབས་པ་དང་འཐུས་མི་70ཕེབས་ཐུབ་མེད། ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

     ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཚའོ་ཅན་མིང་དང་། ཀྲང་ཁྲུན་ཤན། ཧྲེན་གཡོད་གཡོད། ཅི་པིན་ཤོན། ཨའེ་ལི་ཀེན·དབྱི་མིན་པ་ཧའེ། དབན་ཨོ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཝུའུ་ཝུའེ་ཧྭ། དབྱང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།།


ཡོང་ཁུངས། མི་དམངས་དྲ་བ།

རྩོམ་སྒྲིག་པ། བདེ་ཆེན།

  • ལེ་ཚན་སྔོན་མ།:དམངས་ཆེན་འཐུས་མི་ཞིག་གིས་སྐད་ཡིག་སྲུང་སྐྱོང་གི་གྲོས་གཞི་བཏོན།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་སྐབས13པའི་གྲོས་ཚོགས་ཐེངས་གསུམ་པ་གྲོལ།
  • དོ་སྣང་ཆེ་བའི་རྩོམ།