ལྷ་མོས་རྐང་པའི་མཛུབ་མོས་ངོ་མཚར་ཅན་གྱི་མི་ཚེའི་ཟིན་ཐོ་བྲིས།

ཡེ་ཤེས་མགོན་པསོ་བསྒྱུར།        2020-04-24

ནད་ཀྱིས་མནར་བའི་སྡུག་བསྔལ་བཟོད་བསྲན་ནས།།རང་སྐྱ་ཚུགས་པའི་གོམ་འགྲོར་བརྩོན་ལེན་བྱེད།། 

    ཐོག་བརྩེགས་གཉིས་པའི་ཐོག་གི་འགྲུལ་པ་སྣེ་ལེན་ཁང་དུ་སྨྱུག་འཛིན་པས་དབང་པོ་སྐྱོན་ཡང་ཞུམ་མེད་སྙིང་སྟོབས་ཀྱིས་ཕྱུག་པའི་ལྷ་མོ་ལ་བཅར་འདྲི་བྱས་པ་ཡིན།

    1978ལོར་ལྷ་མོའི་ལྟེ་ཁྲག་ཡུལ་གྲུ་དེར་ཕོབ་པའི་སྐབས་སུ་ཁྱིམ་མི་ཚོའི་མིག་ལམ་དུ་མཐོང་བ་ནི་ལྷ་མོའི་ལག་པའི་གཉིས་ཀྱི་མཛུབ་གུ་འཁྱིལ་སྒྲིལ་རྣམ་པ་ཆགས་པས་འགུལ་ཐབས་གཏན་ནས་མེད་པ་དེ་རེད། མིག་མདུན་གྱི་རྣམ་པ་འདི་ནི་གནམ་གཡའ་དག་ཏུ་ཐོག་རྒྱག་པའི་རིགས་སུ་མཐུན། ཁྱིམ་མི་ཚང་མས་ལྷ་མོའི་ལག་པ་ཆུང་ངུ་ལ་བལྟས་ནས་སྡུག་བསྔལ་གྱི་གནས་སུ་ལྷུང་། རྫོང་སྨན་ཁང་གི་སྨན་པས“འདི་ནི་སྐྱེ་ཐོབ་རང་བཞིན་གྱི་ནད་རིགས་ཡིན་པས་བཤགས་བཅོས་མ་ཡིན་པའི་གསོ་ཐབས་ལ་བརྟེན་ནས་སྨན་བཅོས་བྱེད་ནའང་དྲགས་རྒྱུའི་རེ་བ་ནི་ཉིན་མོའི་སྐར་མ་ལྟར་ཡིན་རྒྱུ་རེད”ཅེས་པའི་ནད་ངོས་ཟིན་པའི་གཏམ་ངན་འདི་ཐོས་རྗེས། ལྷ་མོའི་ཨ་མ་སེམས་སྡུག་དྲགས་ནས་བརྒྱལ་སོང་བ་རེད།

    དུས་དེ་ནས་བཟུང་། ཕ་མ་གཉིས་ཀྱིས་ལྷ་མོ་ཁྲིད་དེ་ཕྱོགས་བཞིར་སྨན་བསྟེན་སར་འགྲོ་བའི་ལམ་བརྒྱུད་རིང་པོར་ངལ་དུབ་ཀྱི་གོམ་སྟབས་བསྒྱུར་མགོ་བརྩམས་པ་རེད། ལྷ་མོར་སྨན་བཅོས་བྱེད་ཕྱིར་ཁྱིམ་ནང་གི་གསོག་དངུལ་ཡོད་ཚད་འགྲོ་གྲོན་གཏོང་ནའང་ནད་གཞི་དྲགས་པའི་རྣམ་པ་ནི་ཕྲན་བུ་ཙམ་ཡང་མེད་པར་བརྟེན། ཁོ་ཚོ་ཁྱིམ་དུ་ལོག་ནས་ཡ་མཚན་བའི་རྣམ་པ་འདྲ་བྱུང་རྒྱུར་རེ་སྒུག་བྱས་ཏེ་མི་སྡོད་ཁག་མེད་བྱུང་བ་རེད།

    ཁྱིམ་མི་ཚོས་གཅེས་སྐྱོང་འོག་ལྷ་མོ་ཉིན་རེ་བཞིན་འཚར་ལོངས་བྱུང་མོད། བཟོ་ལྟ་ཆེས་མཚར་བའི་ལག་ཟུང་གི་ནད་གཞི་དྲགས་པའི་རེ་བ་རྦད་དེ་མེད་པས་མ་ཚད། རྐྱེན་ངན་གཅིག་ཐོག་གཉིས་བརྩེགས་ཞེས་པ་ལྟར། ལོ་ན་གཉིས་ཡས་མས་ལ་སོན་པའི་སྐབས་སུ། ལྷ་མོའི་རྐང་པ་ཆ་གཅིག་འདི་ཅི་ཡིན་ཆ་མི་འཚལ་བ་ལངས་ནས་འགྲོ་ཐབས་མེད་པར་གྱུར། ཕ་མ་གཉིས་ཀྱིས་ཡང་དུ་ལྷ་མོ་ཁྲིད་ནས་སྨན་བསྟེན་འགྲོ་བའི་ལམ་བུ་རིང་པོར་གོམ་སྟབས་སྒྱུར་མགོ་བཙུགས། སྨན་པས་ནད་ངོས་ཟིན་པར་གཞིགས་ན། ལྷ་མོའི་ཚེ་ཧྲིལ་པོ་ནི་ཉལ་སའི་ནང་འཚོ་བ་རོལ་རྒྱུ་ལས་མ་འདས། གཏམ་ངན་འདི་ལྷ་མོའི་ཕ་མ་གཉིས་ཀྱི་རྣམ་ལམ་དུ་ཐོས་པའི་སྐབས་སུ་ཁྱིམ་མི་ཡོངས་རྫོགས་རེ་ཐག་ཆད་པར་མ་ཟད། མོའི་ཕ་མ་གཉིས་ནི་དེ་བས་ཀྱང་དྲན་པ་ཐོར་བའི་གནས་སུ་ལྷུང་བ་རེད།

    སྨན་ལ་བསྟེན་རྒྱུའི་རེ་ཐག་ཆད་པར་བརྟེན། ལྷ་མོ་ཁྱིམ་དུ་ལོག་ནས་ཉལ་སའི་ནང་འཚོ་བ་མི་རོལ་ཐབས་མེད་བྱུང་མོད། འོན་ཀྱང་སྙིང་རུས་ཀྱི་སེམས་པ་འཆང་ཞིང་ཞུམ་མེད་ཀྱི་སྙིང་སྟོབས་བཅངས་ནས་ནད་གཞི་ལ་མགོ་སྒུར་མེད་ཅིང་། ཉིན་རྟག་པར་མོས་ནད་ཀྱིས་མནར་བར་བཟོད་བསྲན་བྱས་ཏེ་ཕ་མ་གཉིས་པོ་ཁྱིམ་དུ་མེད་དུས་གོག་ནས་ལུས་པོ་སྦྱོང་བརྡར་བྱས་ཤིང་།ཁྱིམ་དུ་གད་སྙིགས་གཙང་འཕྱག་བྱས་པ་དང་གོས་འཁྲུད་པ་སོགས་ཀྱི་ཁྱིམ་ལས་རྩག་རྩིག་བྱས་པས་མ་ཚད། རྐང་མཛུབ་སྦྱོང་བརྡར་བྱས་ཏེ་བདེ་ལྕག་འཁྱུག་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་མཐར། རྐང་མཛུབ་ཀྱིས་ལག་པའི་ཚབ་བྱས་ཏེ་འཚོ་བའི་ལས་ཀ་རང་སྐྱ་ཐུབ་པ་སྒྲུབ་ཐུབ་རྒྱུའི་རེ་འདུན་འཆང་བ་རེད།

    སློབ་ལོར་སོན་པའི་དུས་ལ་སླེབས་དུས། ལག་པ་གཉིས་ལ་སྐྱོན་ཡོད་པས་མ་ཚད་རྐང་པའང་ནད་ཀྱིས་མནར་ནས་འགྲོ་ཡང་མི་ཐུབ་པའི་རྐྱེན་གྱིས་གྲོང་སྡེའི་ནང་གི་ན་མཉམ་བྱིས་པ་ཚོ་སློབ་གྲྭར་འགྲོ་ཁར་ཡིད་སྨོན་བྱེད་པའི་རྣམ་འགྱུར་ལྷ་མོའི་བཞིན་རས་སུ་མ་སྐུལ་རང་ཤུགས་སུ་མངོན། མོའི་ཨ་མས་གནས་ཚུལ་དེ་རིགས་མཐོང་དུས་མིག་ཟུང་ནས་མཆི་མ་རིལ་རིལ་དུ་འབབ་སྟེ་ལྷ་མོར“གཅེས་ཕྲུག ཁྱོད་འགྲོ་ཐུབ་པའི་ཉིན་མོ་ཞིག་ཡོད་ན། ང་ཚོས་སློབ་གྲྭའི་ནང་རིག་གནས་སྦྱོང་དུ་འགྲོ་དགོས”ཞེས་བཤད་པ་རེད། དྲིན་ཅན་མའི་སྐད་ཆ་དེ་ཡིས་ལྷ་མོར་སྐུལ་སློང་ཐེབས་པ་ནི་ལོས་ཡིན། དུས་དེ་ནས་བཟུང་།ལྷ་མོས་ཨ་མའི་ཁུར་པོ་ཡང་དུ་གཏང་ཆེད། རྐང་མཛུབ་ལ་བརྟེན་ནས་ཟ་མ་བཟའ་རྒྱུ་དང་གོས་འཁྲུད་རྒྱུ། ཁྱིམ་ལས་བྱ་རྒྱུའི་ཚོད་ལྟ་བྱས་པས་མ་ཚད། རྐང་པ་འགུལ་སྐྱོད་བྱེད་ནུས་སྦྱོང་བརྡར་བྱ་ཆེད། ལྷ་མོས་སྦྱོང་བརྡར་བྱེད་ཚད་ཇེ་ཆེར་བཏང་ཡོད་པ་རེད། 

    ངལ་བའི་ལས་ལ་བརྩོན་ན་གཡུར་ཟའི་འབྲས་བུ་སྨིན་ཞེས་པའི་དཔེ་ལྟར། ལོ་ན་བཅུ་གཉིས་ལ་སོན་པའི་སྐབས་སུ་མོ་ལག་རྟེན་ཐོག་ནས་འགྲོ་ཐུབ་པ་བྱུང་ཡོད། ལོ་ན་བཅུ་གསུམ་ལ་སོན་པའི་སྐབས་སུ་མོ་ལག་རྟེན་མི་དགོས་པ་རང་སྐྱ་ཚུགས་པ་འགྲོ་ཐུབ་ཡོད། ཁྱིམ་མི་ཚོས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་གིས་མོ་ལ་རྐང་པ་ཡོ་བསྲང་བྱེད་པའི་སྨན་བཅོས་བྱས་མཐར། མོ་རང་རྒྱུན་ལྡན་དུ་འགྲོ་ཐུབ་རྒྱུའི་རེ་འདུན་འགྲུབ་པ་རེད།

སྟབས་བདེ་མིན་པའི་དཀའ་ངལ་ཁྱད་དུ་བསད།། རྐང་མཛུབ་བརྟེན་ནས་མི་ཚེའི་རིན་ཐང་བསྐྱངས།།

    ལོ་མང་པོའི་རིང་ལ་སྙིང་རུས་ཆེ་སྐྱེད་ཀྱིས་སྦྱོང་བརྡར་བྱས་ནས་དེང་སང་ལྷ་མོས་བྱང་ཆ་ཡོད་པའི་སྒོ་ནས་ཁྱིམ་ལས་བྱེད་ཐུབ་ཀྱིན་ཡོད་པ་རེད། ནམ་ལངས་མཚམས་སུ་བྱ་སྐད་ལྷང་ལྷང་སྒྲོག་པའི་སྐབས་སུ། ལྷ་མོ་མལ་ལས་ལངས་ཏེ་ཁྱིམ་ནང་གི་སྒོ་ཕྱུགས་རྣམས་རི་ཐོག་ལ་དེད་རྗེས་ཁྱིམ་དུ་ལོག་ནས་ཁང་སྟེང་ཁང་ཞབས་ཚང་མ་གཙང་སྦྲ་བྱས་ཤིང་། ཉིན་དགུང་ལ་སླེབས་དུས་ཕག་ཟས་བཙོས་ནས་ཕག་ལ་གཟན་རྗེས་ཞིང་ཁར་གཟན་རྩྭ་འཐུ་ས་འགྲོ་རྒྱུ་ནི་དུས་རྒྱུན་མོས་མ་སྐུལ་དང་བླངས་ཀྱིས་ལས་འགན་ལ་རྩིས་བཞིན་ཡོད་པ་རེད། “ཁྱིམ་མི་ཚོར་རང་གིས་ཅི་འཇོན་གང་ནུས་ཀྱི་བྱ་བ་ཕྲན་བུ་སྒྲུབ་པ་ནི་ང་རང་ཆེས་སྐྱིད་སྣང་ཤར་བའི་དོན་ཞིག་རེད”ཅེས་ལྷ་མོས་སྨྱུག་འཛིན་པར་དེ་ལྟར་བཤད།

    ཞིང་ལས་དང་ཁྱིམ་ལས་རྩག་རྩིག་གིས་ལྷ་མོས་བདེ་སྐྱིད་འཚོ་བར་འཆང་པའི་རེ་འདུན་ཉམས་ཞན་དུ་འགྲོ་མེད་པས་མ་ཚད། འཚོ་བར་བཅངས་པའི་གདེང་ཚོད་དེ་བས་འདང་ངེས་སུ་གྱུར་པ་རེད།

    ལོ་བཅུ་ལྷག་གི་སྔོན་དུ། ལྷ་མོ་ཚང་གིས་བརྙན་འཕྲིན་དངVCDསོགས་ཀྱི་གློག་བྱད་ཉོས་ནས་ལྷ་མོས་གླུ་ལེན་རྒྱུ་སྦྱོང་བའི་སྤྲོ་སེམས་ལ་སྐུལ་སློང་ཐེབས་པ་རེད། གླུ་ལེན་པའི་དུས་སུ་ལྷ་མོས་གདངས་དབྱངས་ཐིག་པོ་ཡོང་རྒྱུར་གཟབ་ནན་བྱས་པར་ཕུད། གླུ་ཚིག་གིས་མཚོན་པའི་བརྩེ་དུང་གཟབ་ནན་བྱེད་སྲོལ་ཡོད་པ་འདི་ནི་སློབ་གྲྭའི་ནང་གཏན་ནས་འགྲོ་མ་མྱོང་བའི་མི་ཞིག་ལ་ཆ་བཞག་ནས་བཤད་ན་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་ནི་སྨོས་མེད་རེད། དེར་བརྟེན། ལྷ་མོས་རྐང་མཛུབ་ཀྱིས་གླུ་རེ་རེའི་གླུ་ཚིག་བྲིས་དེབ་ཐོག་སྤོ་ཞིང་། དེ་ལྟར་རྒྱུན་འཁྱོངས་བྱས་པར་བརྒྱུད། རྐང་མཛུབ་ཀྱིས་བྲིས་པའི་ཡིག་གཟུགས་ཀྱང་རིམ་བཞིན་ཚད་ལྡན་དུ་གྱུར་པར་མ་ཟད་རྒྱ་ཡིག་གི་ཐ་སྙད་མང་པོའི་གོ་དོན་ཁོང་དུ་ཆུད་པ་རེད། དེའི་རྗེས་སུ་ལག་ཁྱེར་ཁ་པར་ཁྱབ་གདལ་བྱུང་ནས་ལྷ་མོས་ཁ་པར་བརྒྱུད་ནས་མི་གཞན་དང་ཁ་བརྡ་ལབ་རེས་བྱེད་དུས་བྱང་ཆུབ་པའི་རྒྱ་སྐད་དང་རྒྱ་ཡིག་གི་འཕྲིན་ཐུང་གཏོང་ཤེས་པ་རེད།

    2013ལོའི་ལུགས་རྙིང་ལོ་སར་གྱི་སྔོན་དུ། བརྙན་འཕྲིན་ཐོག་ནས་བུད་མེད་དབང་པོ་སྐྱོན་ཅན་ཞིག་གིས་རྐང་མཛུབ་ལ་བརྟེན་ནས་བཟོས་པའི་མཛེས་ཤིང་ལྟ་ན་སྡུག་པའི་ཚེམ་དྲུབ་ཀྱི་བརྩམས་ཆོས་ཤིག་མཐོང་དུས་ལྷ་མོར་དྲན་སྐུལ་ཆེན་པོ་ཐེབས་པར་བརྟེན། དུས་དེ་ནས་བཟུང་ལྷ་མོས་ཚེམ་དྲུབ་ཀྱི་བཟོ་རྩལ་སྦྱོང་བའི་ལམ་བུའི་ཐོག་གོམ་སྟབས་སྒྱུར་མགོ་བཙུགས། ལྷ་མོས་ཚེམ་དྲུབ་སྦྱོང་བའི་གནས་ཚུལ་ཤེས་པའི་སྐབས་སུ་ཁྱིམ་མི་ཚོའི་སེམས་ནང་འདོད་མཐུན་མེད་པ་ནི་མོས་དཀའ་སྡུག་མྱོང་བའི་རྣམ་པ་མཐོང་འདོད་མེད་པས་རེད། འོན་ཀྱང་ལྷ་མོས་བཅངས་པའི་ཆོད་སེམས་ལྡོག་ཐབས་མེད་པའང་ཁོ་ཚོས་ཤེས་གསལ་ལྟར་ཡིན་པས་མོ་ལ་ཆེས་སྟབས་བདེ་ཞིང་ལས་སླ་མོའི་རི་མོ་ཚེམ་དྲུབ་བྱེད་བཅུག་ན་འགྲིག་འདུག་བསམ་མྱངས་ཤིང་། དེ་ལས་ལྡོག་པ་ལྷ་མོས་ལྐོག་ཏུ་རིང་ཚད་ལི་སྨི350 ཞེང་ཚད་ལི་སྨི150ཡོད་པའི “རོལ་མངས་ཡིག་གཟུགས་རི་མོའི”ཚེམ་དྲུབ་རྒྱུ་ཆས་ཤིག་ཉོས་ཡོད་པ་རེད། མོས་ངལ་གསོ་བྱེད་པའི་དུས་ཚོད་བཀོལ་སྤྱོད་བྱས་ནས་དང་པོ་རྐང་མཛུབ་ཀྱིས་ཞ་སྨྱུག་བཟུང་སྟེ་རས་གཞིའི་ཐོག་སྐྱ་རིས་བྲིས་རྗེས་སེམས་ཤུགས་བསྒྲིམས་ནས་ཚེམ་དྲུབ་བཟོས་པའི་ལམ་དུ་སྐྱོད་མགོ་བཙུགས་པ་རེད།

    ཉིན་ཞག1800ལྷག་ཙམ་ལ་འབད་བརྩོན་བྱས་པར་བརྒྱུད་ལྷ་མོའི་ཚེམ་དྲུབ་ཀྱི་བརྩམས་ཆོས་ཆེན་པོ་འདི་ལེགས་སུ་གྲུབ་ཅིང་། “དཀའ་ཚེགས་ཆེ་བའི་དུས་སུ་ཚེམ་དྲུབ་བཟོ་རྒྱུ་འདི་བསྐྱུར་ན་བསམ་མྱོང་། ངས་བསམ་ན། རང་གི་ལུས་པོ་སྟབས་མི་བདེ་ནའང་འདི་འདྲ་ཞིག་བཟོས་ནས་ཅི་བྱ། དེའི་སྐབས་སུ་ངའི་ཁྱིམ་མི་དང་ང་ལ་སེམས་ཁུར་བྱེད་མཁན་འདི་དག་གིས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱས་མཐར། ངའི་ངར་ཤུགས་ཀྱང་ཟད་མེད”ཅེས་ལྷ་མོས་ཚེམ་དྲུབ་བཟོས་པའི་བརྒྱུད་རིམ་སྐོར་གླེང་སྐབས་མིག་ནང་དགའ་བའི་མཆི་མ་འཁོར་ནས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།

    ཚེམ་དྲུབ་ཀྱི་བརྩམས་ཆོས་ཆེན་པོ་འདི་བཟོས་པའི་དུས་མཚུངས་སུ། ལྷ་མོས་བཟོས་པའི་རྩེ་གྲ་ཅན་གྱི་བོད་སྡེའི་མཁར་རྫོང་ལ་སོགས་པའི་ཚེམ་དྲུབ་བརྩམས་ཆོས་ཁ་ཤས་ལ་མཐའ་ཤན་བརྒྱབ་ནས་འགྲུལ་བསུ་ཁང་གི་གྱང་ངོས་སུ་བཀལ་ནས་འདུག ལྷ་མོའི་ཨ་མས་བཤད་དོན། ལྷ་མོས་གླུ་ལེན་རྒྱུ་ལ་དགའ་པོ་ཡོད་པས་གྲོང་སྡེའི་རྩེད་མོའི་བྱེད་སྒོ་སྤེལ་དུས་ལྷ་མོས་བླངས་པའི་གླུ་དབྱངས་ལ་གྲོང་མི་ཚོ་དང་ཕྱི་ཕྱོགས་ནས་འོངས་པའི་ཡུལ་སྐོར་འགྲུལ་པ་ཚོས་དགའ་བསུ་ཆེན་པོ་ཐོབ་ངེས་རེད། ཁྱིམ་ལས་རྩག་རྩིག་དང་ཚེམ་དྲུབ་བཟོ་རྒྱུ་ཕུད་ཁ། ལྷ་མོས་མེ་ཏོག་འདེབས་འཛུགས་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད་པ་རེད། སྨྱུག་འཛིན་པས་ལྷ་མོར་བཅར་འདྲི་བྱེད་ཞོར་ཁང་ཁྱམས་ཀྱི་ཕྱི་ཕྱོགས་སུ་བཞད་པའི་མེ་ཏོག་སྣ་ཚོགས་མིག་ལམ་དུ་དྲངས་པའི་སྐབས་སུ། ལྷ་མོས“འཇིག་རྟེན་འཚོ་བའི་ཁྲོད་དུ་དཀའ་སྡུག་མང་པོ་མྱོང་དགོས་ནའང་རང་ཉིད་ཀྱིས་གདེང་ཚོད་ཡོད་ན། མེ་ཏོག་ལ་དགའ་པོ་ཡོད་པ་ནང་བཞིན། ངའི་འཚོ་བ་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་ཡིད་ཆེས་ང་ལ་ཡོད”ཅེས་འབྱུང་འགྱུར་གྱི་འཚོ་བར་ཡིད་ཆེས་ཁེངས་པའི་ངང་ནས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།།

  • ལེ་ཚན་སྔོན་མ།:བཞག་བྲ་ལྷ་རྩེའི་ཞོལ་ནས་ཐོན་པའི་མི་ཉག་གི་ལྷག་དཀར་མི་བུ་ཞིག
  • ལེ་ཚན་རྗེས་མ།:ཀོང་སྤྲུལ་གྱིས་མཛད་པའི་ཤེས་བྱ་མཛོད་ལས་བཟོ་རིག་པ་གླེང་བ།